མགར་སའི་ལ་ཕུག་དམརཔོ་ རྫས་སྦྱོར་མེད་པའི་ཚོད་བསྲེ་སྦེ་ངོ་སྦྱོར།

༉ སོ་ནམ་དང་ ནགས་ཚལ་ལྷན་ཁག་ འབྲུག་སོ་ནམ་དང་བཟའ་ཆས་ཁྲིམས་དོན་དབང་འཛིན་གྱིས་ མགར་ས་རྫོང་ཁག་ ཁ་སྟོད་རྒེད་འོག་ལས་ཐོན་མི་ ལ་ཕུག་དམརཔོ་དེ་ རྫས་སྦྱོར་མེད་པའི་ ཚོད་བསྲེ་སྦེ་ ངོ་སྦྱོར་འབད་མི་དང་བསྟུན་ རྒྱལ་ཁབ་ནང་ རྫས་སྦྱོར་མེད་པའི་ ཚོད་བསྲེའི་ཐོ་ནང་ ཚོད་བསྲེ་རིགས་གསུམ་ ཚུདཔ་ཨིན་པས།
ལ་ཕུག་དམརཔོ་དེ་ ཁ་སྟོད་རྒེད་འོག་གི་ རང་བཞིན་སོ་ནམ་སྡེ་ཚན་གྱིས་ འཛུགས་སྐྱོང་འབད་མི་དེ་ དབང་འཛིན་གྱིས་ བརྟག་ཞིབ་འབད་བའི་སྐབས་ རང་བཞིན་གྱི་ ཚོད་བསྲེ་ཨིན་པའི་ གྲུབ་འབྲས་བྱུང་ནུག།
ད་ཚུན་ སོ་ནམ་མཉམ་ལས་ཚོགས་སྡེ་གིས་ ཀེ་བ་དང་ སྐྱ་སྒོགཔ་ཚུ་ ཐོན་སྐྱེད་འབད་དོ་ཡོདཔ་ད་ ཚོད་བསྲེ་རིགས་གསུམ་ ངོ་སྦྱོར་འབད་མི་དེ་ འབྲུག་རང་བཞིན་ཐོན་སྐྱེད་ངོ་སྦྱོར་ལམ་ལུགས་ཀྱི་ ལམ་སྟོན་༢༠༡༣ ཅན་མ་དང་འཁྲིལ་ཨིན་པས།
ལ་ཕུག་དམརཔོ་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ ངོ་སྦྱོར་འབད་ཡོདཔ་ད་ ད་རེས་ ལ་ཕུག་དེ་ ཁ་སྟོད་རྒེད་འོག་གི་ ཁྱིམ་གུང་པ་༦༠ གི་ སོ་ནམ་པ་༥༦ དེ་ཅིག་གིས་ འཛུགས་སྐྱོང་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་བཅུག་དོ་ཡོདཔ་ཨིན་པས།
མ་གཞི་ ཁ་སྟོད་རྒེད་འོག་དེ་ རྒྱ་མཚོའི་གནས་ཚད་ལས་ མི་ཊར་༢,༣༠༠ དང་༢,༩༠༠ དེ་ཅིག་གི་ ས་གནས་ནང་འབད་རུང་ རྫས་སྦྱོར་མེད་པའི་ རང་བཞིན་གྱི་ཐོན་སྐྱེད་ ཀེ་བ་དང་ སྐྱ་སྒོགཔ་ དེ་ལས་ ལ་ཕུག་དམརཔོ་ཚུ་ ཐོན་སྐྱེད་འབད་ཚུགས་མི་དེ་ སོ་ནམ་པ་ཚུ་གིས་ སོ་ནམ་ལཱ་ལུ་ བརྩོན་ཤུགས་བསྐྱེད་པའི་ བརྡ་མཚོན་ཅིག་ཨིན་པས།
སོ་ནམ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ ལ་ཕུག་དམརཔོ་ རང་བཞིན་གྱི་ ཚོད་བསྲེ་ཨིནམ་སྦེ་ ངོ་སྦྱོར་དེ་ རྫས་སྦྱོར་ཚོགས་ཆུང་གིས་ བརྟག་ཞིབ་འབད་བའི་སྐབས་ གྲུབ་འབྲས་ལེགས་ཤོམ་བྱུང་ཡི་ཟེར་ཨིན་པས།
དེ་ཡང་ ཚོགས་ཆུང་གིས་ ལ་ཕུག་དམརཔོ་དེ་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡོད་པའི་ ཕྱིར་ཚོང་བརྟག་ཞིབ་ལས་སྡེ་དང་མཉམ་རུབ་ཐོག་ལས་ ཞིབ་དཔྱད་འབད་བའི་སྐབས་ རང་བཞིན་གྱི་ ཚོད་བསྲེ་སྦེ་ གྲུབ་འབྲས་བྱུང་ཡོདཔ་མ་ཚད་ ལ་ཕུག་དམརཔོ་ འཛུགས་སྐྱོང་འབད་སའི་ ས་དེ་ཡང་ ཐའི་ལེནཌ་ལུ་ བརྟག་ཞིབ་འབདཝ་ད་ རྫས་སྦྱོར་སླ་བསྲེས་རྩ་ལས་མེད་པའི་ གྲུབ་འབྲས་བྱུང་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སོ་ནམ་འགོ་དཔོན་གོངམ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལས་ཕར་ ལ་ཕུག་དམརཔོ་དེ་ཡང་ རྒྱལ་ཁབ་ཀྱི་ ཟ་ཁང་སྦོམ་ཚུ་ནང་ ཚོང་འབྲེལ་འཐབ་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ད་ཚུན་ ཀེ་བ་དང་ སྐྱ་སྒོགཔ་༢ པོ་ ཨ་མཱན་ཀོ་ར་དང་ ཏཱཇ་བཀྲིས་ པད་གླིང་ དེ་ལས་ འབྲུག་ཟ་ཁང་ལ་སོགས་པ་ཚུ་ནང་ བཙོང་དོ་ཡོདཔ་ཨིན་པས།
སོ་ནམ་ལྷན་ཁག་གིས་ སྔོན་འགྲོའི་བརྟག་ཞིབ་དང་འཁྲིལ་བ་ཅིན་ ཁ་སྟོད་རྒེད་འོག་གི་ རང་བཞིན་སོ་ནམ་སྡེ་ཚན་གྱིས་ ལོ་བསྟར་བཞིན་དུ་ ཀེ་བ་མེ་ཊིག་ཊཱོན་༩༢ དང་ སྐྱ་སྒོགཔ་མེ་ཊིག་ཊཱོན་༣ དེ་ཅིག་ ཐོན་སྐྱེད་འབད་ཚུགས་པའི་ འོས་འབབ་ཡོདཔ་ཨིན་རུང་ ད་ལྟོ་ ལ་ཕུག་དམརཔོ་དེ་ ངོ་སྦྱོར་འབདཝ་ཅིག་ཨིནམ་ལས་ ཐོན་སྐྱེད་ག་དེ་སྦེ་ འབད་ཚུགས་ནི་ཨིན་ན་ ཏན་ཏན་སྦེ་ སླབ་མི་ཤེས་དོ་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *