ལྟ་བཤལ་བརྡ་དོན་ལྟེ་བ་དང་པ་དང་ རང་སྤྱོད་ཟ་ཁང་དེ་ སྤྱི་ཟླ་༢ པའི་ཚེས་༡ ལུ་ མགར་ས་རྫོང་བདག་ རིག་འཛིན་དཔལ་འབྱོར་གྱིས་ འགོ་འབྱེད་འབད་ནུག།

མགར་ས་ལུ་ ལྟ་བཤལ་བརྡ་དོན་ལྟེ་བ་དང་ རང་སྤྱོད་ཟ་ཁང་འགོ་འབྱེད་འབད་ཡོདཔ།

༉ འབྲུག་ལྟ་བཤལ་ཚོགས་སྡེའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ མགར་ས་རྫོང་ཁག་གིས་ ལྟ་བཤལ་བརྡ་དོན་ལྟེ་བ་དང་པ་དང་ རང་སྤྱོད་ཟ་ཁང་གསརཔ་ཅིག་ ཐོབ་ ཡོདཔ་ཨིན་པས།

ལྟ་བཤལ་བརྡ་དོན་ལྟེ་བ་དེ་ ཚ་ཆུ་དང་ མགར་ས་རྫོང་གི་ ལམ་རྒྱ་གྲམ་དང་ རང་སྤྱོད་ཟ་ཁང་དེ་ ཁ་སྨད་རྒེད་འོག་ དགོན་རྟ་གཡང་ལུ་ བཟོ་ཡོད་མི་དེ་ཡང་ ལྟ་བཤལཔ་དང་མགྱོནམ་ཚུ་ མགར་ས་ཁ་ཐུག་ལུ་ འཕྲོ་མཐུད་དེ་ མ་འགྱོ་བའི་ཧེ་མར་ ངལ་འཚོ་སའི་ ས་ཁོངས་གཙོ་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་་ཨིན་པས།

བརྡ་དོན་ལྟེ་བ་དེ་ མགར་ས་ཚ་ཆུ་ལས་ ཀི་ལོ་མི་ཊར་༣ གྱི་ས་ཁར་དང་ མགར་ས་རྫོང་ལས་ ཀི་ལོ་མི་ཊར་༡༠ གྱི་ ས་ཁར་ཡོདཔ་ད་ རང་སྤྱོད་ཟ་ཁང་དེ་ རྫོང་ལས་ ཀི་ལོ་མི་ཊར་༢༦ གི་ས་ཁར་ སྒོ་ཕྱེས་ཡོདཔ་ཨིན་པས།

རྫོང་ཁག་འཆར་གཞི་འགོ་དཔོན་ བཀྲིས་དོན་གྲུབ་ཀྱིས་ བཤད་མིའི་ནང་ བརྡ་དོན་ལྟེ་བ་དེ་གིས་ ལྟ་བཤལ་དང་འབྲེལ་བའི་ བརྡ་དོན་ཚུ་ ཐོབ་ཚུགས་པའི་ཁར་ རྒེད་འོག་བཞི་ནང་ ལྟ་བཤལ་ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།

གཞི་རྟེན་ཁང་གི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་མི་དང་བསྟུན་ རྫོང་ཁག་གིས་ རྫོང་ཁག་ནང་ འོང་མི་ཚུ་ལུ་ ཞབས་ཏོག་ཡར་དྲག་གཏང་ནིའི་ དམིགས་གཏད་བསྐྱེདཔ་ཨིན་པས།

ད་ཚུན་ ལ་མཐོ་སའི་ རྒྱལ་འཛིན་དུས་སྟོན་བརྩི་སྲུང་འབད་མི་དེ་ཡང་ ཡོངས་གྲགས་ཡོད་རུང་ ལྟ་སྐོརཔ་དང་ མགྱོནམ་ཚུ་གི་དོན་ལུ་ གནས་ཤོག་/དེབ་ཆུང་ཅིག་ཡང་ བཟོ་བཟོཝ་མིན་འདུག་ཟེར་ བཤདཔ་ཨིན་པས།

རྫོང་ཁག་གིས་ མི་སྡེ་ནང་ ལཱ་གཡོག་གི་ གོ་སྐབས་བཟོ་ནིའི་ དམིགས་གཏད་ཨིནམ་ལས་ ཁ་སྟོད་དང་ཁ་སྨད་ལས་ མི་༢ གདམ་འཐུ་འབད་དེ་ བརྡ་དོན་ལྟེ་བ་དང་ རང་སྤྱོད་ཟ་ཁང་ བརྒྱུན་སྐྱོང་འབད་ནི་གི་ གོ་སྐབས་བྱིན་ཡོདཔ་ཨིན་པས།

རང་སྤྱོད་ཟ་ཁང་རྒྱུན་སྐྱོང་འབད་ནི་ཨིན་མི་ ཀུན་ལེགས་འབྲུག་པ་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ལཱ་གཡོག་ནང་ལས་ དགོངས་ཞུ་བཏང་ཡོདཔ་ཨིན་པས།

རྫོང་ཁག་བདག་སྐྱོང་གིས་ ལཱ་གཡོག་གི་ གོ་སྐབས་ཐོབ་མི་ མི་ངོ་ཚུ་ལུ་ མ་འོངས་པ་ལུ་ ལྕོགས་གྲུབ་ཡར་དྲག་གཏང་ནིའི་དོན་ལུ་ རྒྱབ་སྐྱོར་འབད་ནིའི་ འཆར་གཞི་ཡོད་པའི་ཁར་ བརྡ་དོན་ལྟེ་བ་གིས་ ཡུན་བརྟན་དོན་ལུ་ ལག་བཟོའི་རིགས་ཚུ་ བཙོང་བཅུག་ནི་ཨིན་པས།

བཀྲིས་དོན་གྲུབ་ཀྱིས་ སླབ་མིའི་ནང་ མི་ངོ་གཉིས་ཀྱིས་ ལོ་༡ གི་རིང་ རྒྱུན་སྐྱོང་འབད་བཅུག་སྟེ་ ཁོང་གི་ གྲུབ་འབྲས་ལུ་ བལྟ་ཞིནམ་ལས་ བསྐྱར་གསོ་འབད་འོང་ཟེར་ཨིན་པས།

རང་སྤྱོད་ཟ་ཁང་དང་ བརྡ་དོན་ལྟེ་བའི་ནང་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་དོན་ལུ་ གསང་སྤྱོད་ཀྱི་ མཐུན་རྐྱེན་ཚུ་ཡང་ཡོད་ཟེར་ འཆར་གཞི་འགོ་དཔོན་གྱིས་ བཤད་པའི་ཀར་ གསང་སྤྱོད་དེ་ རྐང་འཁོར་ཚུ་ཡང་ཤོངམ་སྦེ་ཡོད་ཟེར་ བཤདཔ་ཨིན་པས།

འབྲུག་ལྟ་བཤལ་ཚོགས་སྡེ་གིས་ བཟོ་སྐྲུན་དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༢.༦༧ ཟད་འགྲོ་བཏང་ཡོདཔ་ད་ ལཱ་དེ་ཡང་ ན་ཧིང་ སྤྱི་ཟླ་༣ པའི་ནང་ འགོ་བཙུགས་ཏེ་ སྤྱི་ཟླ་༩ པའི་ནང་ མཇུག་བསྡུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *