མགར་ས་ལུ་ མོ་ཆུ་ཁ་སྒྱུར་གཏང་ནིའི་ལཱ་ མཇུག་བསྡུ་ཡོདཔ།

༉ མགར་ས་ཚ་ཆུའི་ས་ཁོངས་ནང་ མོ་ཆུའི་ཆུ་ལམ་ ཁ་སྒྱུར་གཏང་ནིའི་ལཱ་དེ་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ མཇུག་བསྡུ་ཡོདཔ་ད་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མོ་ཆུ་ཁ་སྒྱུར་བཏང་མི་གིས་ ཚ་ཆུ་སྦང་མི་དང་ མགྲོན་ཁྱིམ་ དེ་ལས་ ཚ་ཆུ་སྦང་སའི་རྫིང་ཚུ་ཉེན་སྲུང་དང་ལྡནམ་ ངེས་བརྟན་བཟོ་ཚུགས་ཟེར་ཨིན་པས།

ལཱ་མཇུག་བསྡུཝ་དང་གཅིག་ཁར་  མོ་ཆུ་བརྒྱ་ཆ་༣༠ ལམ་གསརཔ་ནང་ལས་ བཏང་ཡོདཔ་མ་ཚད་ གཙང་ཆུ་རྒྱ་ཆ་༧༠ ཚ་ཆུ་དང་ མགྲོན་ཁྱིམ་གྱི་ ས་ཁོངས་ནང་ལས་ འབབ་དོ་ཡོདཔ་ཨིན་པས།

ལས་འགུལ་གྱི་ བཟོ་རིག་འགོ་དཔོན་ ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཆུ་ལྷག་ལུས་ཚུ་ ཆུ་ལམ་གསར་པའི་ རྒྱུན་བརྟན་དང་འཁྲིལ་ ཉིནམ་དག་པ་ཅིག་གི་ ནང་ཁོད་ལུ་གཏང་འོང་ཟེར་ཨིན་མས།

ཨིན་རུང་ གནམ་བྱཱར་སྐབས་ ཆུ་ཁ་སྒྱུར་གཏང་ནི་དེ་ ལཱ་ཁག་ཡོདཔ་ལས་ ཆུ་བརྒྱ་ཆ་༣༠ ཧེ་མའི་ཆུ་ལམ་ལས་ར་ འབབ་འགྱོ་འོང་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤད་ཡོདཔ་ད་ ལཱ་དེ་ ན་ཧིང་ སྤྱི་ཟླ་༡༢  ལུ་ འགོ་བཙུགས་ཡོདཔ་ཨིན་པས།

ཆོས་སྐྱིད་ཀྱིས་འབད་བ་ཅིན་ ས་གནས་ལུ་ ཆརཔ་ཤུགས་སྦེ་རྐྱབ་ད་ གྱང་རྩིག་རྐྱབ་སྟེ་ཡོད་མི་དེ་གིས་ ཚ་ཆུའི་ས་ཁོངས་དེ་ ཉེན་སྐྱོབ་འབདཝ་བཞིན་དུ་ གལ་སྲིད་ གྱང་རྩིག་དེ་ མེདཔ་བཏང་པ་ཅིན་ ཚ་ཆུའི་རྫིང་ཚུ་ཡང་ གནོད་སྐྱོན་རྐྱབ་འོང་ཟེར་ཨིན་པས།

ག་འཆརཔ་ཟེར་བ་ཅིན་ ཚ་ཆུའི་རྫིང་ཚུ་ གཙང་ཆུའི་གནས་རིམ་ལས་ དམའ་སུ་ཡོད་པའི་ཁར་ གནམ་བྱཱར་གྱི་ དུས་ཚོད་ནང་ གཙང་ཆུའི་གནས་ཚད་ ཟམ་ཚུན་ལྷོད་དོ་ཡོདཔ་ལས་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།

སྤྱི་ལོ་༢༠༠༩ ལུ་ ཆུ་རུད་ཐོན་པའི་སྐབས་ ཚ་ཆུའི་ས་ཁོངས་ནང་ཡོད་མི་ ཚོང་ཁང་དང་ ཁྲིམས་སྲུང་འགག་སྡེའི་འགེགས་སྲུང་ གནས་ཁང་ཅིག་དང་ མགྲོན་ཁྱིམ་ དེ་ལས་ ཚ་ཆུའི་རྫིང་ཚུ་ འཕྱགས་བདའ་ཡོདཔ་ཨིན་པས།

གཙང་ཆུའི་ཕྱོགས་གསརཔ་དེ་ལུ་ གཏིང་ཚན་ཕིཊ་༡༠ དང་༢༠ བར་ན་དང་ རྒྱ་ཚད་མི་ཊར་༣༠ ཡོདཔ་ད་ མོ་ཆུ་དེ་ མི་ཊར་༨༠༠ དེ་ཅིག་ ཁ་སྒྱུར་བཏང་མིའི་ལཱ་དེ་ གོང་ཆུང་རིམ་གོང་འཕེལ་ལས་འགུལ་བརྒྱུད་དེ་ འཆར་དངུལ་ས་ཡ་༢༦ ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

མ་གཞི་ ལས་འགུལ་དེ་ སྤྱི་ཟླ་༤ པ་མཇུག་བསྡུ་ཁམས་ལུ་ མཇུག་དགོཔ་ཨིན་རུང་  རྡོ་དང་ འཕྲུལ་ཆས་མེདཔ་ཐལ་མི་ལུ་བརྟེན་ ཟླཝ་༢ ཐེབས་འགོར་ཡོདཔ་ཨིན་མས།

མགར་ས་ཚ་ཆུ་དེ་ནང་ ལོ་བསྟར་བཞིན་དུ་ མི་༦,༠༠༠ ལྷགཔ་རེ་ འོང་དོ་ཡོདཔ་ལས་ ཟད་འགྲོ་མ་བརྩིས་བར་ ལོ་ཅིག་ནང་ འོང་འབབ་ས་ཡ་༡.༩ དང་༢ ཀྱི་བར་ན་ བཟོ་དོ་ཡོད་པའི་གནས་ཚུལ།

པདྨ་ཆོས་སྐྱིད།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *