ཁྲོམ་ནང་འཁོད་ཀྱི་ འཁོར་ལམ་དང་ ཆུའི་གཡུར་བ་སེལ་ནི་ དེ་ལས་ བཙོག་ཆུའི་ཆུ་ལམ་ལ་སོགས་པའི་ ལས་སྣ་ཚུ་ སང་ཕོད་སྤྱི་ཟླ་༤ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

མགར་ས་ཁྲོམ་སྡེ་གསརཔ་གི་ ས་ཁོངས་ནང་ ལས་འགུལ་འགོ་བཙུགས་ཡོདཔ།

༉ ད་ལྟོ་ཡོད་མི་ མགར་ས་ཁྲོམ་དེ་ ཡན་ལག་ཁྲོམ་དང་ དབྱེ་བ་མེད་མི་དེ་ཡང་ སྣ་ཚོགས་ཚོང་ཁང་དང་ ཚོད་བསྲེ་བཙོང་མི་ དེ་ལས་ ཟ་ཁང་ཆུང་ཀུ་དག་པ་ཅིག་ལས་བརྒལ་མེདཔ་ཨིན་པས།

ཟ་ཁང་ཚུ་ནང་ བཞེས་སྒོ་ཟེར་རུང་ ཀོ་ཀ་དང་ མེ་གེ་ ཝའི་ཝའི་ཐུག་པ་ མོ་མོ་ཚུ་ ཐོབ་ཨིན་རུང་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་གི་ཧེ་མར་ མཁོ་མངགས་འབད་དགོཔ་ཨིན་པས།

དེ་མ་ཚད་ མགྲོན་ཁང་དང་ སྐྱིད་གནས་ཁང་མ་གཏོགས་ ཞག་སྡོད་སའི་ ཁང་མིག་ཚུ་ མེདཔ་ཨིན་པས།

ཨིན་རུང་ མགར་ས་ལུ་འགྱོ་མི་ མགྱོནམ་ཚུ་གིས་ འཕྲལ་མགྱོགས་ར་ དེང་སང་གི་ མཐུན་རྐྱེན་ཚུ་ སྤྱོད་ནི་གི་ གོ་སྐབས་འཐོབ་ཚུགས་ནི་ཨིན་པས།

ས་གནས་ཀོ་ལི་ཁ་ཟེར་སར་ མགར་ས་ཁྲོམ་གསརཔ་ ཆགས་ནིའི་དོན་ལུ་ ལས་འགུལ་འགོ་བཙུགས་ཡོདཔ་ད་ དེ་ནང་ རང་ལུགས་ཀྱི་ བཟོ་བཀོད་ཐོག་ སྒྲིང་ཁྱིམ་ཐོག་ཚད་༢ འབད་མི་༢༩ དང་ སྐྱིད་གནས་ཁང་ དེ་ལས་ མི་མང་སྐྱེལ་འདྲེན་བཱསི་ཐོན་འཛུལ་ས་ཁོངས་ཅིག་དང་ སྣུམ་འཁོར་བཅོ་ཁང་ཅིག་ བཟོ་སྐྲུན་འབད་ནི་ཨིན་པས།

རྫོང་ཁག་ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ ཁྲོམ་ནང་འཁོད་ཀྱི་ འཁོར་ལམ་དང་ ཆུའི་གཡུར་བ་སེལ་ནི་ དེ་ལས་ བཙོག་ཆུའི་ཆུ་ལམ་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ཀོ་ལི་ཁ་དེ་ མགར་ས་རྫོང་ལས་ ཀི་ལོ་མི་ཊར་༡ གི་ས་ཁར་ ཆགས་ཡོདཔ་ཨིན་པས།

ཁྲོམ་གསར་པའི་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ལོ་༢༠༢༠ ཟླ་༡༠ པའི་ནང་ ཁག་འབགཔ་ལུ་ སྤྲོད་ཡོདཔ་བཞིན་དུ་ ལཱ་མཇུག་བསྡུ་ནི་གི་ དུས་ཡུན་ཟླཝ་༡༨ ལུས་ཏེ་ཡོདཔ་ལས་ སྤྱི་ལོ་༢༠༢༢ ཟླ་༤ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།

མགར་ས་ཁྲོམ་གསརཔ་དེ་ རྫོང་ཁག་གི་ གོང་འཕེལ་འཆར་གཞིའི་ ལས་སྣ་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༥ ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

གོང་འཕེལ་འཆར་གཞི་ལས་སྣ་ཚུ་ སྤྱི་ལོ་༢༠༣༠ ལུ་ མཇུག་བསྡུ་ནི་དང་ སྐྱེལ་འདྲེན་བཱསི་ཐོན་འཛུལ་ས་ཁོངས་དེ་ཡང་ ལོ་༥ འི་འཆར་གཞི་༡༢ པའི་ནང་ མཇུག་བསྡུ་འོང་ཟེར་ཨིན་པས།

ཚོང་འབྲེལ་གྱི་ སྒྲིང་ཁྱིམ་རྐྱབ་ནི་ཚུ་ གོ་རིམ་དང་པའི་ ལས་སྣ་ཨིནམ་བཞིན་དུ་ གོ་རིམ་གཉིས་པའི་ནང་ རྩེད་ཐང་དང་ སྐྱིད་གནས་ཁང་ཚུ་ རྐྱབ་འོང་ཟེར་  བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།

ད་རེས་ ཚོང་འབྲེལ་ས་ཁོངས་དེ་ ཁྱིམ་གུང་༢༩ ལུ་ བགོ་བཀྲམ་འབད་དེ་ཡོདཔ་ད་ ཁྱིམ་གྱི་ཇོ་བདག་༡༨ ཀྱིས་ ཁྱིམ་རྐྱབ་ནི་ འགོ་བཙུགས་མ་ཚུགས་པས།

བཟོ་རིག་འགོ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་འཚོགས་མི་ རྫོང་ཁག་ཚོགས་འདུ་ནང་ ཚོང་པ་ཚུ་གིས་ སྤྱི་ལོ་༢༠༢༢ ཀྱི་ལོ་ཕྱེད་ལས་ རང་སོའི་ས་ཚན་ནང་ བཟོ་སྐྲུན་གྱི་ ལཱ་འགོ་བཙུགས་བཅུག་དགོཔ་སྦེ་ གྲོས་ཐག་བཅད་ནུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གློག་མེ་ཚད་སྤེལ་རྒྱུན་ཐག་ངོ་མ་དེ་ ཀོ་ལི་ཁ་ལུ་ ལྷོད་ཡོདཔ་ཨིན་རུང་ གློག་མེ་བཀྲམ་སྤེལ་གྱི་ལཱ་དེ་ སང་ཕོད་ཟླ་༤ པའི་ནང་ མཇུག་བསྡུ་ཞིནམ་ལས་རྐྱངམ་གཅིག་ གློ་མེ་བཀྲམ་སྤེལ་འབད་འོང་ཟེར་ཨིན་པས།

ཆུ་བཀྲམ་སྤེལ་གྱི་དོན་ལུ་ སྔོན་འགྲོའི་བརྟག་ཞིབ་འབད་ཚར་ཡོདཔ་ད་ ལས་འགུལ་ཡོངས་རྫོགས་ཀྱི་ སྙན་ཞུ་བསྡུ་སྒྲིག་འབད་ནིའི་ལཱ་དེ་ འཕྲལ་མགྱོགས་ར་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

ཟམ་སྦྱིས་ན་ཆུ་དེ་ མགར་ས་ཁྲོམ་གྱི་དོན་ལུ་ ཆུ་རྐ་སྦེ་ ངོས་འཛིན་འབད་དེ་ཡོདཔ་ད་ ད་རེས་ ཆུ་དེ་ ཤིང་ཏ་ཆུ་ལས་ འཐེན་ཡོདཔ་ཨིན་རུང་ མ་འོངས་པ་ལུ་ ཆུ་རྐ་དེ་གིས་ ཆུ་ལང་མི་ཚུགས་ནི་ཨིནམ་སྦེ་ བརྟག་ཞིབ་སྙན་ཞུ་ནང་ བཀོད་ནུག་ཟེར་ ཀུན་ལེགས་རྡོ་རྗེ་གིས་ བཤདཔ་ཨིན་པས།

ལཱ་དེ་ཚུ་ ཤུལ་མའི་རྩིས་ལོ་ནང་ རིན་བསྡུར་ཐོག་ལས་ ཁག་འབགཔ་ལུ་ སྤྲོད་ནི་ཨིནམ་ད་ དེ་ཡང་ དམིགས་བསལ་འཐུང་ཆུ་ལས་རིམ་ཐོག་ལས་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།

ཨིན་རུང་ དགོས་མཁོ་ཅན་གྱི་ རྒྱུ་ཆས་ནང་འདྲེན་འབད་མ་ཚུགས་མི་དང་ གནམ་བྱཱར་གྱི་ ཆར་ཆུ་ལུ་བརྟེན་ ཁྲོམ་གསརཔ་ནང་ བཟོ་སྐྲུན་གྱི་ ལཱ་ཚུ་ལུ་ ཐོ་ཕོག་སྟེ་ཡོདཔ་ལས་ ཡུན་འགྱངས་ལུས་ནི་བཟུམ་མཐོངམ་མས་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།

མགར་ས་ཁྲོམ་སྡེ་ལུ་ ས་ཆ་ཁྱབ་ཚད་ཨེ་ཀར་༢༠༠ ཡོད་མི་ལས་ ཨེ་ཀར་༦༣ ས་ཁོངས་གོང་འཕེལ་གཏང་ནིའི་དོན་ལུ་ ངོས་འཛིན་འབད་དེ་ཡོདཔ་ད་ ཁྲོམ་གསར་པའི་ ལཱ་མཇུག་བསྡུ་བའི་ཤུལ་ལུ་ ཁྲོམ་རྙིངམ་དེ་ གཙུག་སྡེ་དང་འབྲེལ་བའི་ ས་ཁོངས་ཅིག་སྦེ་ ངོས་འཛིན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *