མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ གློག་མེ་ཡན་ལག་འཕྲུལ་ཁང་ བཟོ་སྐྲུན་འབད་བའི་བསྒང་།།

མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ལཱ་ངོ་མ་ཚུ་ འགོ་བཙུགས་མ་ཚུགས་པར་ལུས་ཡོདཔ།

༉ འབྲུག་དང་ རྒྱ་གར་གྱི་བར་ན་ མོས་མཐུན་གན་ཡིག་གུ་ མཚན་རྟགས་བཀོད་མ་ཚུགས་མི་ལུ་བརྟེན་ ད་རེས་ བཀྲིས་གཡང་རྩེ་ མཁོ་ལོང་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱི་ ལཱ་ངོ་མ་ཚུ་ འགོ་བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢ ལུ་ བློན་པོའི་ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ གྲོས་འཛོམས་འཚོགས་པའི་སྐབས་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ དོགས་སེལ་འབད་མིའི་ནང་ རྒྱ་གར་གཞུང་གིས་ ས་མཚམས་གློག་མེ་ཚོང་འབྲེལ་གྱི་ ལམ་སྟོན་གནད་དོན་ལུ་བརྟེན་ ལས་འགུལ་གྱི་ ལཱ་ཚུ་འགོ་བཙུགས་མ་ཚུགས་པར་ཡོད་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ རྒྱ་གར་གཞུང་གིས་ ས་མཚམས་གློག་མེ་ཚོང་འབྲེལ་གྱི་ ལམ་སྟོན་དེ་ བསྐྱར་ཞིབ་འབད་ནི་ལུ་ ཚོགས་ཆུང་ཅིག་ཡང་ གཞི་བཙུགས་འབད་ནུག་ཟེར་ཨིནམ་ད་ ཨིན་རུང་ རྒྱ་གར་གྱི་ གློག་མེ་དྲུང་ཆེན་ ཨ་ཇེ་ཀུ་མར་ བ་ལ་གིས་ རྒྱལ་ཁབ་༢ ཀྱི་བར་ན་ གློག་མེ་ཚོང་འབྲེལ་འཐབ་པའི་སྐབས་ དཀའ་ངལ་ག་ནི་ཡང་ མི་འབྱུང་ཟེར་ ཁས་ལེན་འབད་དེ་ཡོད་ཟེར་ཨིན་པས།
གནད་དོན་དེ་ སེལ་ཐབས་འབད་ནིའི་དོན་ལུ་ འབྲུག་གཞུང་དང་ རྒྱ་གར་གཞུང་གིས་ ལཱ་ཚུ་འབད་དོ་ཡོདཔ་བཞིན་དུ་ རྒྱ་གར་གཞུང་གིས་ ས་མཚམས་གློག་མེ་ཚོང་འབྲེལ་ལམ་སྟོན་དེ་ཡང་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ཚེས་༥ ལུ་ གསལ་བཏོན་འབད་ནུག།
གན་ཡིག་ལུ་བརྟེན་ སྤྱི་ལོ་༢༠༡༥ ཟླ་༡༡ པ་ལས་ ལས་འགུལ་དེ་གིས་ གློག་མེ་ལཱ་ངོ་མ་ ཆུ་བྱག་རྐྱབ་ནི་དང་ གློག་མེ་ཁང་ དེ་ལས་ ས་འོག་ལམ་རྐྱབ་ནིའི་དོན་ལུ་ ཐག་བཅད་མ་ཚུགས་པར་ཡོདཔ་ཨིན་པས།
མཁོ་ལོང་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ པར་བིན་ གུབ་ཏ་གིས་ སླབ་མིའི་ནང་ རྒྱལ་ཁབ་༢ ཀྱི་བར་ན་ གན་ཡིག་གུ་ མཚན་རྟགས་བཀོད་ཚུགས་པ་ཅིན་ ལས་འགུལ་གྱི་ལཱ་ངོ་མ་ འགོ་བཙུགས་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཞི་བའི་ལས་འགུལ་གྱི་ ལཱ་གི་དོན་ལུ་ རིན་བསྡུར་གསལ་བསྒྲགས་འབད་རུང་ གན་ཡིག་གུ་ མཚན་རྟགས་བཀོད་མ་ཚུགས་མི་དང་ རིན་བསྡུར་དེ་ རྙིངམ་ཐལ་མི་ལུ་བརྟེན་ གསརཔ་བཟོ་དགོཔ་ལས་ ཆ་མེད་གཏང་དགོཔ་བྱུང་ཡི་ཟེར་ཨིན་པས།
འཛིན་སྐྱོང་མདོ་ཆེན་གྱིས་ སླབ་མིའི་ནང་ གློག་མེ་ལས་འགུལ་གྱི་དོན་ལུ་ ད་རེས་ འཁོར་ལམ་ཀི་ལོ་མི་ཊར་༣༡ འབད་མི་དེ་ཡང་ བརྒྱ་ཆ་༩༥ དེ་ཅིག་ རྐྱབ་ཚར་ཏེ་ཡོད་པའི་ཁར་ སྐོར་ལོང་གི་ གློག་མེ་ཡན་ལག་ཁང་ཡང་ མཇུག་བསྡུ་ནི་ལུ་ ལྷོད་དེ་ཡོདཔ་མ་ཚད་ བུ་ཡང་ཆུ་དང་ ཤ་ལིང་ཆུ་༢ གུ་ལུ་ ལྕགས་ཟམ་༢ ཡང་རྐྱབ་ཚར་ཏེ་ ཡོད་ཟེར་ཨིན་པས།
ལས་འགུལ་གྱི་ འཕྲུལ་རིག་མདོ་ཆེན་ དེ་ནེཤ་ སབ་རུ་གིས་ སླབ་མིའི་ནང་ ལཱ་ཆུང་ཀུ་ཚུ་ཡང་ འཕྲོ་མཐུད་དེ་ར་ འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ལས་འགུལ་ཡོངས་རྫོགས་སྙན་ཞུ་ཤུལ་ལས་ དོང་སྤེད་འཕྲུལ་གྱི་ལཱ་ མི་ཊར་༣,༥༠༠ ལྷགཔ་ཅིག་ འབད་ཚར་ཡི་ཟེར་ཨིན་པས།
ལས་འགུལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གློག་མེ་ལས་འགུལ་གྱི་ ལཱ་འབད་འགོ་བཙུགས་ཚུ་ འགོ་བཙུགས་པ་ཅིན་ ལོ་༥ འི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་ཟེར་ཨིནམ་ད་ ད་རེས་ གློག་མེའི་འཕྲུལ་རིག་གི་ ལཱ་འབད་ནིའི་དོན་ལུ་ ས་ཁྲ་དང་ གྲ་སྒྲིག་གི་ ལཱ་ཚུ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ད་རེས་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ནང་ རྒྱ་གར་དང་ འབྲུག་མི་བརྩིས་ཏེ་ ལས་བྱེདཔ་༡༢༦ ཡོདཔ་ད་ འཛིན་སྐྱོང་མདོ་ཆེན་གྱིས་འབད་བ་ཅིན་ ད་རེས་ ལས་འགུལ་ནང་ ལས་བྱེད་པའི་དཀའ་ངལ་ག་ནི་ཡང་ མེད་ཟེར་ཨིན་པས།
མཁོ་ལོང་ཆུ་གློག་མེ་ལས་འགུལ་དེ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ རྒྱ་གར་ སཊི་ལུཆ་ ཇེལ་ བི་དི་ཡཊི་ ནི་གམ་ལས་འཛིན་གྱི་ མཉམ་འབྲེལ་ལས་འགུལ་ཅིག་ཨིནམ་ད་ ལས་སྡེ་༢ ཀྱིས་ བགོ་བཤའ་བརྒྱ་ཆ་༥༠ དེ་ར་ འཐོབ་ནི་ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *