མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ལས་སྣ་ཚུ་ འཕྲོ་མཐུད་མི་འབད་ནི།

༉ བཀྲིས་གཡང་རྩེ་ལུ་ སྤྱི་ལོ་༢༠༡༨ ལས་ འགོ་བཙུགས་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ བཟོ་སྐྲུན་འབད་ནི་དེ་ མཚམས་འཇོག་འབད་ཡོདཔ་ལས་ ད་ལས་ཕར་ ལས་འགུལ་དང་འབྲེལ་བའི་ ལས་སྣ་ག་ཅི་ར་ཨིན་རུང་ འཕྲོ་མཐུད་དེ་ མི་འབད་ཟེར་ཨིན་པས།

བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་འབད་བ་ཅིན་ གློག་མེ་འཕྲུལ་ཁང་རྐྱབ་ནི་དེ་ རྒྱ་གར་གྱི་ ལས་སྡེ་ཅིག་དང་ འབྲུག་བར་ནའི་ མཉམ་འབྲེལ་ལས་འགུལ་ཅིག་འབདཝ་ལས་ ལས་འགུལ་དང་ འཛིན་སྐྱོང་ བཟོ་སྐྲུན་ གློག་མེ་སྤྱོད་འཐུས་ཚུ་གི་སྐོར་ལས་ མནོ་བསམ་གཏང་དགོཔ་ཡོད་ཟེར་ཨིན་པས།

དེ་འབདཝ་ལས་ མཁོ་ལོང་ཆུ་ལས་འགུལ་དང་འབྲེལ་བའི་ལས་སྣ་ འཁོར་ལམ་དང་ ཟམ་ དེ་ལས་ འཁོར་ལམ་རྩི་ནག་གཏང་ནི་གི་ལཱ་ཚུ་ འཕྲོ་མཐུད་མི་འབད་ནི་ཨིན་རུང་ རྒྱལ་ཁབ་གཞན་དང་གཅིག་ཁར་ སྟབས་མ་བདེཝ་ཡོད་མི་ཚུ་ བསལ་ཞིནམ་ལས་ ནང་འཁོད་ཀྱི་ མི་སེར་ཚུ་གི་ དཀའ་ངལ་དང་ གདོང་ལེན་ཚུ་ སེལ་ཐབས་འབད་འོང་ཟེར་ བསྟན་རྒྱས་བློན་པོ་གིས་ ཞུ་ཡི།

གནད་དོན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ འབུམ་སྡེ་གླིང་-འཇམ་མཁར་གྱི་འཐུས་མི་ གྲུབ་ཐོབ་ཀྱིས་ གློག་མེ་ལས་འགུལ་ལུ་བརྟེན་ ས་གནས་ནང་ སློབ་གྲྭ་དང་ འཁོར་ལམ་རྩི་ནག་གཏང་ནི་ དེ་ལས་ མཐུན་རྐྱེན་ཚུ་ཡང་ མ་འབད་བར་ ལུས་ཡོད་མི་ཚུ་ མཚམས་འཇོག་འབད་བཞག་ནི་ཨིན་ན་ཟེར་ དྲི་བ་ཞུ་བའི་ཤུལ་ལས་ བློན་པོ་གིས་ དོགས་སེལ་ཞུ་ཡི། 

འཐུས་མི་གྲུབ་ཐོབ་ཀྱིས་ ཞུ་མིའི་ནང་ མཁོ་ལོང་ཆུ་ལས་འགུལ་ གཞི་བཙུགས་འབད་བའི་སྐབས་ ཚོང་འབྲེལ་གྱི་ གོ་སྐབས་ལེགས་ཤོམ་འོང་ནི་མས་ཟེར་མནོ་སྟེ་ ས་གནས་ཀྱི་ མི་སེར་ཚུ་གིས་ མ་རྩ་གཞི་བཙུགས་འབད་ཡོདཔ་ཨིན་རུང་ གློག་མེ་འཕྲུལ་ཁང་རྐྱབ་ནི་དེ་ མཚམས་འཇོག་འབད་བའི་ ལོ་རྒྱུས་གོ་བའི་ཤུལ་ལས་ མི་སེར་ཚུ་ ག་ཅི་འབད་ནི་ཨིན་ན་ མ་ཤེས་པར་ མགུ་འཐོམ་སྟེ་ སྡོད་ནུག་ཟེར་ཨིན་པས།

འཐུས་མི་གིས་འབད་བ་ཅིན་ ལས་འགུལ་འགོ་བཙུགསཔ་ད་ མི་ཚུ་གིས་ཡང་ སྡོད་ཁྱིམ་དག་པ་ཅིག་ཡང་ རྐྱབ་ཚར་མི་ལུ་བརྟེན་ གློག་མེ་འཕྲུལ་ཁང་ མ་འོངས་པ་ཅིན་ ཁྱིམ་ནང་མི་སྡོད་མི་མེད་པར་ སྐྱིན་ཚབ་བཏབ་མ་ཚུགས་པའི་ དཀའ་ངལ་འབྱུང་ནི་མས་ཟེར་ཨིན་པས།

འཁོར་ལམ་ཚུ་ རྩི་ནག་གཏང་ནི་དང་ སྨན་ཁང་རྐྱབ་ནི་ཚུ་ འཆར་གཞི་ནང་ ཚུད་ཡོད་རུང་ གློག་མེ་ལས་འགུལ་ལུ་བརྟེན་ བཏོན་བཏང་ནུག་ཟེར་ འཐུས་མི་གིས་ ཞུ་ཡི། 

བསྟན་རྒྱས་བློན་པོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལས་ ད་ལྟོ་ཚུན་ཚོད་ ལས་འགུལ་ལུ་ དངུལ་ཀྲམ་ཐེར་འབུམ་༤.༥ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་ལས་ གནད་དོན་ཚུ་ བསལ་བའི་ཤུལ་ལས་ ལས་འགུལ་དེ་ ག་དེ་སྦེ་ འབད་ནི་ཨིན་ན་ ཤུལ་ལས་ སྙན་ཞུ་འབད་འོང་ཟེར་ཨིན་པས།

མཁོ་ལོང་ཆུ་གློག་མེ་ལས་འགུལ་དེ་ གཞན་དང་མ་འདྲཝ་ཡོད་མི་དེ་ཡང་ མ་དངུལ་བརྒྱ་ཆ་༧༠ དངུལ་ཁང་ཚུ་ལས་དང་ བརྒྱ་ཆ་༣༠ དེ་ རྩ་ཕན་འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ རྒྱ་གར་གྱི་ལས་སྡེ་༢ ཀྱིས་ ལྷན་ཐབས་འབད་དགོ་མི་ལུ་བརྟེན་ཨིན་ཟེར་ བློན་པོ་གིས་ཞུ་ཡི།

དེ་འབདཝ་ལས་ ད་རེས་ དངུལ་ཁང་ཚུ་ལས་ མ་དངུལ་ལེན་ནི་ཨིན་མི་དང་ རྒྱུན་སྐྱོང་ བཟོ་སྐྲུན་ དེ་ལས་ ད་རེས་བསྒྱུར་བཅོས་འགྱོ་བའི་ གནས་སྟངས་ཚུ་ལུ་ བལྟ་བའི་སྐབས་ མཁོ་ལོང་ཆུ་གློག་མེ་ལས་འགུལ་དེ་གིས་ མ་འོངས་པ་ལུ་ སྟབས་མ་བདེཝ་ འཐོན་ནི་བཟུམ་ཡོད་མི་ལུ་བརྟེན་ ལས་འགུལ་དེ་ མདུན་སྐྱོད་མི་འབད་ཟེར་ བློན་པོ་གིས་ཞུ་ཡི།

ནི་ར་ཨ་མ་ཆུ་གློག་མེ་ལས་འགུལ།

གཞུང་ལུ་ ནི་ར་ཨ་མ་ཆུ་གློག་མེ་ལས་འགུལ་བཟོ་སྐྲུན་གྱི་ གནས་ཚད་སྐོར་ལས་ཡང་ དྲི་ཞུ་བའི་ལན་ལུ་ བསྟན་རྒྱས་བློན་པོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༧-༡༨ ལུ་འབད་མི་ ཁ་གསལ་བརྟག་ཞིབ་ལས་འགུལ་སྙན་ཞུ་ཚུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ བསྐྱར་ཞིབ་འབད་དེ་ དུས་མཐུན་བཟོ་ཡི་ཟེར་ཨིན་པས།

ལས་འཛིན་གྱིས་ འདས་པའི་བདུན་ཕྲག་༢ ནང་ སྙན་ཞུ་དེ་ ལྷན་ཁག་ལུ་ ཕུལ་ཡོད་རུང་ ད་རེས་ གློག་མེ་འཕྲུལ་ཁང་ བཟོ་སྐྲུན་འབད་ནིའི་ ཚེས་གྲངས་དེ་ ཐག་མ་བཅད་པར་ཡོད་ཟེར་ བློན་པོ་ལོག་ནཱཐ་ཤར་མ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *