དོག་གསུམ་ཁྲོམ་གསརཔ་དང་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ སྡོད་ཁྱིམ་ས་ཁོངས།

མཁོ་ལོང་ཆུ་གློག་མེ་ལས་འགུལ་ ངེས་པ་མེདཔ་ལས་ མི་སེར་ཚུ་ལུ་ཚ་གྱང་།

༉ ཤར་ཕྱོགས་རྫོང་ཁག་ཚུ་ནང་ སྦོམ་ཤོས་ཅིག་ འོང་ནི་ཨིན་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ལུ་བརྟེན་ དོག་གསུམ་ཁྲོམ་ ལེགས་ཤོམ་སྦེ་ གོང་འཕེལ་འགྱོ་ཚུགས་པའི་ རེ་བ་བསྐྱེད་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ལས་འགུལ་གྱི་ གྲུབ་འབྲས་འཐོན་ནི་མེདཔ་ལས་ ས་གནས་ཀྱི་ མི་སེར་ཚུ་ ཚ་གྱང་ལང་ནུག།

ད་རེས་ ཁྲོམ་གསར་པའི་ ས་ཁོངས་ནང་ སྒྲིང་ཁྱིམ་ལེ་ཤ་ཅིག་ར་ བསྒྲུབས་ཡོདཔ་མ་ཚད་ ལ་ལོ་ཅིག་ རྐྱབ་ཚར་ནི་གུ་ ལྷོད་དེ་ཡོདཔ་ད་ སྒྲིང་ཁྱིམ་ཚུ་ཡང་ གཙོ་བོ་ར་ ལས་འགུལ་ལུ་བརྟེན་ འོང་འབབ་བཟོ་ནི་ལུ་དམིགས་ཏེ་ རྐྱབ་ཡོདཔ་ཨིན་པས།

ཨིན་རུང་ ལས་འགུལ་དེ་ ཆ་མེད་ཨིན་ན་དང་ ཡང་ཅིན་ གྲོས་ཀྱིས་སྦེ་ འོང་ནི་ཨིན་ན་ གཏན་འཁེལ་མེདཔ་ཨིན་པས།

ལ་ལོ་ཅིག་གིས་འབད་བ་ཅིན་ ལས་འགུལ་དེ་ནང་ རྩོད་རྙོགས་ཐོན་མི་དེ་ཡང་ སྤྱིར་བཏང་གཙང་ཆུ་དང་ ལས་འགུལ་གྱི་མིང་ར་ མཁོ་ལོང་ཆུ་ཟེར་ སླབ་མི་ལུ་བརྟེན་ཏེ་ འོང་ནི་མས་ཟེར་ཨིནམ་ད་ དེ་ཡང་ ཤར་ཕྱོགས་པའི་ ཁ་སྐད་ལས་ མཁོ་ལོང་ཟེར་མི་དེ་ འཐབ་འཛིང་སླབ་ནི་དེ་གིས་ཨིན་པས། 

ཚོང་པ་ཚུ་གིས་ སྒྲིང་ཁྱིམ་ཚུ་ རྐྱབ་ནིའི་དོན་ལུ་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་ཡོདཔ་ད་ ཚོང་པ་སངས་རྒྱས་ཆོས་གྲགས་ཀྱིས་ སླབ་མིའི་ནང་ ཚོང་པ་གཞན་ཚུ་བཟུམ་སྦེ་ ཁོ་གིས་ཡང་ སྐྱིན་འགྲུལ་ལེན་ཏེ་ སྒྲིང་ཁྱིམ་རྐྱབ་ཡོདཔ་ཨིན་རུང་ ཚོང་འབྲེལ་གྱི་ གོ་སྐབས་མི་འོང་ནི་བཟུམ་ཡོདཔ་ལས་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཤུལ་མའི་ཟླཝ་ནང་ལས་ སྐྱིན་ཚབ་བཏབ་དགོཔ་ལས་ ཚ་གྱང་ཡོད་ཟེར་ཨིན་པས།

དོག་གསུམ་ཁྲོམ་ཁར་ ཟ་ཁང་ལ་ལོ་ཅིག་ གྲ་སྒྲིག་སོང་ཡོདཔ་ཨིན་རུང་ ཁྲོམ་ཁར་ ད་ལྟོའི་བར་ན་ཡང་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་དང་ ཁྲོམ་ལམ་བདའ་སྟེ་གློག་མེ་ རྐང་ལམ་ དེ་ལས་ གླ་འཁོར་བཞག་ས་ཚུ་མེདཔ་ལས་ མི་ག་ཡང་འོང་ནི་ མིན་འདུག་ཟེར་ སངས་རྒྱས་ཆོས་གྲགས་ཀྱིས་ བཤདཔ་ཨིན་པས།

དོག་གསུམ་ཁྲོམ་སྡེའི་ཚོགས་པ་ ཀརྨ་ལྷ་མོ་གིས་ བཤད་མིའི་ནང་ མོ་རའི་སྒྲིང་ཁྱིམ་དེ་ཡང་ བདུན་ཕྲག་དག་པ་ཅིག་གི་ནང་ར་ བསྒྲུབ་ནི་ཨིན་རུང་ མོ་གི་བཟུམ་སྦེ་ ད་ལྟོ་ ཚོང་འབྲེལ་གྱི་དོན་ལུ་རྐྱབ་མི་ སྒྲིང་ཁྱིམ་ཚུ་ སྟོངམ་སྦེ་ར་ཡོད་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ལས་འགུལ་གྱིས་ དོག་གསུམ་ཁྲོམ་ལས་ སྒྲིང་ཁྱིམ་གྱི་ ཁང་ཚན་༢༠༠ གླ་ཁར་ལེན་ནི་སྦེ་ ཁ་བཟེད་ཡོདཔ་བཞིན་དུ་ ད་ལྟོ་ སྡོད་ཁྱིམ་གྱི་དོན་ལུ་ བསྒྲུབས་ཡོད་མི་ སྒྲིང་ཁྱིམ་༤ ནང་ ལས་འགུལ་གྱི་ ལས་བྱེདཔ་ཚུ་ སྡོད་དེ་ཡོད་ཟེར་ཨིན་པས།

ཨིན་རུང་ ལས་འགུལ་དེ་ ད་ལྟོ་བར་ན་ཡང་ འོང་ནི་མེདཔ་ལས་ དངུལ་ཁང་ལུ་ སྐྱིན་ཚབ་བཏབ་མ་ཚུགས་པར་ ཁྱིམ་ཚུ་ དངུལ་ཁང་གིས་ འཕྱོག་བཟུང་མི་འབད་ག་ཟེར་ ཚ་གྱང་ཡོད་ཟེར་ཨིན་པས།

སྟོང་ཞང་རྒཔོ་ ཨོ་རྒྱན་རྡོ་རྗེ་གིས་ ལས་འགུལ་དེ་ བརྒྱ་ཆ་༩༥ དེ་ཅིག་ ཁོ་གི་རྒེད་འོག་ནང་ ཚུད་དེ་ཡོད་རུང་ ལས་འགུལ་ཕྱིར་འགྱངས་ལུས་མི་ལུ་བརྟེན་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།

ཧེ་མ་ ལས་འགུལ་གྱི་ ས་ཁོངས་གོང་འཕེལ་གྱི་ ལཱ་འབད་བའི་སྐབས་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་རུང་ ད་རེས་ ས་ཁོངས་ནང་ བཟོ་སྐྲུན་གྱི་ ལཱ་འབད་མི་ བརྒྱ་ཆ་༨༠ དེ་ཅིག་ར་ ལོག་སོང་ཡོདཔ་ལས་ ཕན་ཐོགས་ག་ནི་ཡང་ མེདཔ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

ཧེ་མ་འབད་བ་ཅིན་ མི་སེར་ཚུ་གིས་ སོ་ནམ་དང་ སྒོ་ནོར་ཐོན་སྐྱེད་ཚུ་ བཙོང་ཚུགས་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ སྒྲིང་ཁྱིམ་ཚུ་ཡང་རྐྱབ་སྟེ་ ཁང་གླར་སྤྲོད་ཡོདཔ་ལས་ ཕན་ཐོགས་བྱུང་ཡོདཔ་ཨིན་རུང་ ད་རེས་ ལས་འགུལ་གྱི་ ལས་བྱེདཔ་ཚུ་ ལོག་སོང་ཡོདཔ་ལས་ ཁྱིམ་ཚུ་ སྟོངམ་ཐོན་ཡོདཔ་མ་ཚད་ ལ་ལོ་ཅིག་ ཁང་གླ་ཡང་ མར་ཕབ་འབད་དགོཔ་ཐོན་ཏེ་ཡོད་ཟེར་ཨིན་པས།

མི་སེར་ཚུ་གིས་ ལས་འགུལ་གྱི་དོན་ལུ་ རང་གི་ས་ཞིང་ལ་སོགས་པའི་ ལྷན་ཐབས་ལེ་ཤ་འབད་ཡོདཔ་ལས་ ལས་འགུལ་དེ་ ནམ་འོང་དོ་ཡོདཔ་ཨིན་ནའི་སྐོར་ལས་ འཕྲལ་འཕྲལ་སྦེ་ར་ དྲིཝ་མས་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

མི་སེར་ལ་ལོ་ཅིག་ལུ་ ད་ལྟོའི་་བར་ན་ཡང་ ས་ཚབ་དང་ ལག་ཁྲམ་ དེ་ལས་ རྒུད་འཐུས་ཚུ་ མ་ཐོབ་པར་ ཡོདཔ་ཨིན་པས།

རྒཔོ་ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་གི་ འཆར་གཞི་ཨམ་དེ་ཡང་ མཁོ་ལོང་ཆུ་ གློག་མེ་ལས་འགུལ་གྱི་ འཆར་གཞི་དང་ མཉམ་འབྲེལ་འབད་དེ་ བཟོ་ཡོདཔ་ལས་ ད་རེས་ རྒེད་འོག་གོང་འཕེལ་གྱི་དོན་ལུ་ཡང་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།

དཔྱེ་འབད་བ་ཅིན་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ཡང་ ལས་འགུལ་གྱིས་ རྩི་ནག་གཏང་ནི་སྦེ་ བཀོད་དེ་ཡོདཔ་ལས་ ད་ལྟོའི་བར་ན་ཡང་ འབད་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ད་ལྟོ་ ལས་འགུལ་འདི་ ག་དེ་སྦེ་འབད་ནི་ཨིན་ན་ གཏན་འཁེལ་མེདཔ་ལས་ ག་དེམ་ཅིག་སྦེ་ ལས་འགུལ་དེ་ ཆ་མེད་སོང་པ་ཅིན་ མི་སེར་དང་ གཞུང་གཉིས་ཆ་ར་ལུ་ འགྱོང་རྒུད་སྦོམ་སྦེ་ར་ ཕོག་འོང་ཟེར་ཨིན་པས།

ཨིན་རུང་ མ་གཞི་ ལས་འགུལ་དེ་ ཕྱིས་ཏེ་འབད་རུང་ ངེས་པར་དུ་ འོང་བའི་རེ་བ་ བསྐྱེད་དོ་ཟེར་ཨིན་པས།

བཀྲིས་གཡང་རྩེ་གི་ ཁྲོམ་སྡེ་ངོ་ཚབ་ བྱམས་དཔའ་བསོད་ནམས་ཀྱིས་ སླབ་མིའི་ནང་ ལས་འགུལ་གྱི་ ཡིག་ཚང་ལྟེ་བ་འདི་ བཀྲིས་གཡང་རྩེ་ཁྲོམ་ཁར་ གཞི་བཙུགས་འབད་ཡོདཔ་ད་ ལས་འགུལ་གྱི་ ལས་བྱེདཔ་ཚུ་ ལོག་སོང་མི་ལུ་བརྟེན་ ཁོང་སྡོད་མི་ ཁྱིམ་ཚུ་ཡང་ སྟོངམ་ཐོན་ཏེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ ལས་འགུལ་ནང་ ཁག་འབག་ཐོག་བཙུགས་མི་ སྣུམ་འཁོར་ཚུ་ཡང་ ཧེ་མའི་ཁག་འབག་གི་ གནས་ཡུན་ཚངམ་ཅིག་ ལོག་བཏང་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ སྣུམ་འཁོར་༡༥ ཕྱིར་བཏོན་འབད་ཡི་ཟེར་ཨིན་པས།

ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ལས་འགུལ་དེ་ ཆ་མེད་ཨིན་ན་དང་ ཡང་ཅིན་ འཕྲོ་མཐུད་བཞག་ནི་ཨིན་ན་ གཏན་འཁེལ་མེད་རུང་ ད་ལྟོ་ འབད་བའི་བསྒང་ཡོད་མི་ལཱ་ཚུ་ ཟད་འགྲོ་ཉུང་མཐའི་སྒོ་ལས་ འགོ་འདྲེན་འཐབ་བཞིན་དུ་ཡོད་ཟེར་ཨིན་པས།

ལས་འགུལ་གྱི་དོན་ལུ་ ཞི་བའི་ལཱ་སྦོམ་ ཁག་༣ ཡོད་མི་ལས་ ད་ལྟོ་ ལས་འགུལ་གྱི་ བགོ་བཤའ་འཆང་མི་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ རྒྱ་གར་གྱི་ལས་སྡེ་ ཨེསི་ཇེ་ཝི་ཨེན་གྱི་བར་ན་ ཆུ་མཛོད་དང་ གློག་མེ་ཁང་གཉིས་ བཟོ་སྐྲུན་གྱི་སྐོར་ ཁན་འཆམ་བྱུང་མ་ཚུགས་མི་ལུ་བརྟེན་ ལས་འགུལ་དེ་ ཐོགས་ལུས་ཡོདཔ་ཨིན་པས།

ཧེཌི་རེསི་ཊ་ནཱལ་ཟེར་མི་ ས་འོག་ལས་ ཆུ་ལམ་བཟོ་སྐྲུན་འབད་ནིའི་ ལཱ་འགོ་བཙུགས་ཡོདཔ་ཨིན་པས།

ཞི་བའི་ལཱ་ཁག་༣ གྱི་དོན་ལུ་ མ་དངུལ་བསྡོམས་ཐེར་འབུམ་༢༠.༢༧༦ ཡོད་མི་ལས་ ཆུ་མཛོད་ཀྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༩.༧༢ དང་ གློག་མེ་འཕྲུལ་ཁང་གི་དོན་ལུ་ ཐེལ་འབུམ་༦.༢༡ ཨིན་པས།

གློག་མེ་འཕྲུལ་ཁང་དེ་ བཟོ་སྐྲུན་འབད་ཚར་བའི་བསྒང་ལས་ གློག་ཤུགས་མེ་ག་ཝཱཊ་༦༠༠ ཐོན་སྐྱེད་འབད་ནི་ཨིནམ་ད་ ལས་འཆར་དང་འཁྲིལ་བ་ཅིན་ ལས་འགུལ་དེ་ སྤྱི་ལོ་༢༠༡༥ ལས་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༢༠ ལུ་ མཇུག་བསྡུ་དགོཔ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *