སྐུད་ཤུད་ཐགས་ར་ལུ་བརྟེན་ ཡོངས་གྲགས་ཅིག་ལུ་གྱུར་མི་ ཀུར་སྟོད་མཁོ་མ་གཡུས་ཚན།

མཁོ་མ་ལུ་ ཐགས་རས་འགྲེམས་སྟོན་ཁང་དང་ ཐགས་ཁྱིམ་དགོ་པའི་མཁོ་འདོད།

༉ ལྷུན་རྩེ་ལུ་ ཡོངས་གྲགས་ཅན་གྱི་ སྐུད་ཤུད་ཐགས་རས་ཀྱི་འབྱུང་གནས་ མཁོ་མ་གཡུས་ཚན་གྱི་ ཨམ་སྲུ་ཚུ་གིས་ གཡུས་ཁར་ཐགས་རས་འགྲེམས་སྟོན་ཁང་དང་ ཐགས་འཐག་ས་ཅིག་ དགོས་མཁོ་ཡོད་ཟེར་ བཤདཔ་ཨིན་པས།

དེ་བཟུམ་མའི་ མཐུན་རྐྱེན་ཡོད་པ་ཅིན་ ཁོང་གི་ཐགས་རིགས་ཚུ་ བཙོང་ཚུགས་ནི་དང་ ཚོང་མགྲོན་པ་ཚུ་ལུ་ཡང་ ས་གོ་ཅིག་ནང་ལས་ འཐོབ་ཚུགས་ནི་ཨིནམ་ལས་ སྟབས་བདེ་ཏོག་ཏོ་ འབྱུང་འོང་ཟེར་ཨིན་པས།

ད་ལྟོ་ ཨམ་སྲུ་ཚུ་གིས་ གཡུས་ཀྱི་སྦུག་ལུ་ རྒཔོ་བགྲེསཔ་གིས་རྐྱབ་མི་ སྒེར་གྱི་ཐགས་ཁྱིམ་ནང་ འཐག་མཁནམ་༧ དེ་ཅིག་གིས་ ཐགས་འཐག་དོ་ཡོད་རུང་ གཞན་ཚུ་གིས་ རང་སོའི་ཁྱིམ་ནང་ འཐག་དོ་ཡོདཔ་ཨིན་པས།

སྡེ་ཚན་ནང་ལས་ གཡང་འཛོམས་ཀྱིས་ སླབ་མིའི་ནང་ སྡེ་ཚན་སྦེ་ ཐགས་འཐགཔ་ད་ བཤད་ཐོ་བཏང་ཐོག་ལས་ དུས་ཚོད་ཡང་ ག་དེ་སྦེ་ རྫོགསཔ་ཨིན་ན་ མི་ཤེས་པའི་ཁར་ ལཱ་གི་གྲུབ་འབྲས་ཡང་ ལེགས་ཤོམ་བཏོན་ཚུགསཔ་ད་ སྤྲོ་སྣང་མ་འདྲཝ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།

ཨིན་རུང་ ཐགས་འཐག་ས་ བརྟན་ཏོག་ཏོ་ཅིག་ མེད་པའི་ཁར་ ད་ལྟོའི་ཐགས་ཁྱིམ་དེ་ ཆུང་ཀུ་འབདཝད་ལས་ སྡེ་ཚན་གྱི་ འཐུས་མི་ག་ར་ ཤོང་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།

ད་རུང་ སྡེ་ཚན་གྱི་འཐག་མཁནམ་ ཚེ་བརྟན་ལྷ་མོ་གིས་ མཁོ་མ་གཡུས་ཚན་ནང་ ཁྱིམ་གུང་༣༤ ཡོད་ས་ལས་ ཁྱིམ་གུང་རེ་ལས་ འཐུས་མི་རེ་རེ་བཙུགས་ཏེ་ སྡེ་ཚན་བཟོ་ཡི་ཟེར་ བཤད་པའི་ཁར་ རང་སོའི་ཁྱིམ་ནང་ ཐགས་འཐག་པ་ཅིན་ ཁྱིམ་ནང་གི་ ལཱ་གཞན་ལུ་ གཙོ་རིམ་བཟུང་དགོཔ་ད་ ཐགས་འཐག་ནི་ལུ་ བར་ཆད་བྱུངམ་མས་ཟེར་ཨིན་པས།

མཁོ་མ་ཨམ་སྲུ་ཚུ་གི་དོན་ལུ་ སྐུད་ཤུད་ཐགས་ར་དེ་ མེད་ཐབས་མེདཔ་ཅིག་ཨིནམ་ད་ ཁོང་གིས་ དྲོ་པ་ཆུ་ཚོད་༦ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ ཐགས་འཐག་ནི་ཡོདཔ་ཨིན་པས།

ཨམ་སྲུ་རེ་གིས་ ལོ་གཅིག་ནང་ དངུལ་ཀྲམ་༡༠༠,༠༠༠ ལས་༡༦༠,༠༠༠ དེ་ཅིག་གི་བར་ན་གནས་མི་ སྐུད་ཤུད་ཐགས་ར་མེ་ཏོག་ཅནམ་༢ དང་ མེ་ཏོག་ཉུང་སུ་འབད་མི་ སྐུད་ཤུད་ཐགས་ར་༣ དེ་རེ་ འཐག་དོ་ཡོདཔ་ཨིན་པས།

མཁོ་མ་གཡུས་ཚན་ནང་ མ་དངུལ་ཐོབ་པ་ཅིན་ ཐགས་རིགས་་འགྲེམས་སྟོན་ཁང་དང་ ཐགས་ཁྱིམ་ཅིག་ དེ་ལས་ སྐུདཔ་ཚོང་ཁང་ཚུ་ཡོད་པའི་ ཐོག་ཚད་༣ འབད་མི་ཁྱིམ་ཅིག་ རྐྱབ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།

ཚེ་བརྟན་ལྷ་མོ་གིས་འབད་བ་ཅིན་ ཁྱིམ་དེ་ནང་ སྐུདཔ་ཚོང་ཁང་ཅིག་ ཡོད་པ་ཅིན་ ད་རེས་ནངས་པར་ ས་གནས་ཀྱི་ ཚོང་ཁང་ཚུ་ནང་བཟུམ་སྦེ་ སྐུདཔ་གི་གོང་ཚད་ མཐོ་དྲགས་སྤྲོད་མི་དགོ་ནི་དང་ ཐགས་ཆས་ཚུ་ཡང་ གོང་ཚད་རན་ཏོག་ཏོ་སྦེ་ བཙོང་ཚུགས་ནི་མས་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ཨམ་སྲུ་ཚུ་གིས་ རང་སོའི་ཐགས་རས་ཚུ་ སྤྱི་ལོ་༢༠༡༧ ལུ་ འབུམ་སྡེ་གླིང་རི་དྭགས་གླིང་འཛིན་ལྟེ་བ་གིས་ རྒེད་འོག་ལྟེ་བའི་ ཉེ་འདབས་ལུ་རྐྱབ་མི་ ཐོག་༢ འབད་མི་ཁྱིམ་ནང་ གསལ་སྟོན་འབད་སྲོལ་ཡོད་རུང་ ས་ཁོངས་དེ་ ཕྱོགས་༡ ནང་ར་ ཧ་ལམ་ དུས་ཡུན་སྐར་མ་༣༠ དེ་ཅིག་ ལམ་འགྱོ་དགོཔ་ལས་ ས་ཐག་རིང་ནི་དེ་གིས་ སྤྲོ་བ་ཞན་ཡོདཔ་ཨིན་པས།

ཨམ་སྲུ་ལ་ལོ་ཅིག་གིས་ སླབ་མིའི་ནང་ ཁོང་གི་ཐགས་རས་ཚུ་ བཙོང་མ་ཚུགས་པའི་ གདོང་ལེན་སྦོམ་ཡོདཔ་ལས་ ལྟེ་བ་ཅིག་ ཡོད་པ་ཅིན་ ཕན་ཁྱད་འབྱུང་ནི་མས་ཟེར་ཨིན་པས།

རྫོང་ཁག་འཆར་གཞི་འགོ་དཔོན་ པདྨ་ཚེ་དབང་གིས་ སླབ་མིའི་ནང་ ཐགས་རིགས་འགྲེམས་སྟོན་ཁང་ལྟེ་བ་ཅིག་ རྐྱབ་ནིའི་དོན་ལུ་ ས་ཁོངས་ཡང་ ངོས་འཛིན་འབད་བའི་ཁར་ དངུལ་རྩིས་དང་གཅིག་ཁར་ ས་ཁྲ་ཅིག་ཡང་ བཟོ་ཡོད་མི་དེ་ ད་ལྟོ་ རྒྱལ་བཙུན་ལས་འགུལ་ནང་ མ་དངུལ་གྱི་ ཞུ་བ་ཕུལ་ཏེ་ཡོད་ཟེར་ཨིནམ་ད་ ད་ལྟོ་ གཏན་འཁེལ་མ་འགྱོ་རུང་ མ་དངུལ་ཐོབ་ཚུགས་པའི་རེ་བ་ བསྐྱེད་དེ་ཡོད་ཟེར་ཨིན་པས།

ལས་འགུལ་དེ་ ཆ་འཇོག་གྲུབ་པ་ཅིན་ ཁྱིམ་ཐོག་༣ ཡོད་ས་ལས་ འོག་ཐོག་དེ་ སྐུདཔ་ཚོང་ཁང་དང་ ཚེམ་ཁང་སྦེ་ ལག་ལེན་འཐབ་ནི་དང་ བར་ཐོག་དེ་ ཐགས་འཐག་ས་དང་ སྟེང་ཐོག་དེ་ ཐོན་སྐྱེད་གསལ་སྟོན་ཁང་སྦེ་ ལག་ལེན་འཐབ་འོང་ཟེར་ པདྨ་ཚེ་དབང་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ བཟོ་བཀོད་དེ་ཡོད་པ་ཅིན་ ཡུན་བརྟན་སྦེ་ སྐུད་ཤུད་ཐགས་རའི་ ཐོན་སྐྱེད་ཚུ་ ས་གོ་གཅིག་ནང་ལས་ འཐོབ་ཚུགས་ནི་ཨིནམ་ལས་ ཚོང་མགྲོན་པ་དང་ བཙོང་མི་༢ ཆ་རང་ལུ་ ཁེ་ཕན་སྦོམ་ཡོད་ཟེར་ཨིན་པས།

མཁོ་མ་གཡུས་ཚན་གྱི་ ཨམ་སྲུ་ཆ་མཉམ་གྱིས་ སྐུད་ཤུད་ཐགས་ར་འཐགཔ་མ་ཚད་ རྒས་ཤོས་དང་ ན་གཞོན་བུམོ་ཚུ་གིས་ཡང་ ཅོག་ཁེབས་ལ་སོགས་པའི་ ཐོན་སྐྱེད་གཞན་ཚུ་ འཐག་དོ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྒེད་འོག་འོག་གི་ ཉ་ལམ་དུང་དང་ དགོན་པ་དཀརཔོ་ བབ་སྟོང་ སྒང་ལ་ཁེ་མ་ དེ་ལས་ བེར་པ་གཡུས་ཚན་གྱི་ ཨམ་སྲུ་ཚུ་གིས་ཡང་ དངུལ་རྐྱང་འོང་འབབ་ཀྱི་དོན་ལུ་ སྐུད་ཤུད་ཐགས་རས་ལུ་ གཙོ་བོར་བཏོན་དོ་ཡོདཔ་ད་ ཁོང་གིས་ བཤད་མིའི་ནང་ མཁོ་མ་གཡུས་ཚན་དེ་ སྐུད་ཤུད་ཐགས་རས་ལྟེ་བ་སྦེ་ ཡོངས་གྲགས་འགྱོ་བའི་ཤུལ་ལས་ ཁོང་གི་གཡུས་ཚན་ནང་ ལྟ་བཤལཔ་འོང་ནི་ཆད་སོཔ་ལས་ ཐོན་སྐྱེད་བཙོང་མ་ཚུགས་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས།

འཆར་གཞི་འགོ་དཔོན་ པདྨ་ཚེ་དབང་གིས་ སླབ་མིའི་ནང་ ལས་འགུལ་དེ་ ཆ་ནགྲུབ་པ་ཅིན་ ལྟེ་བ་གིས་ སྤྱིར་བཏང་ས་གནས་ཀྱི་ མི་སྡེ་མང་ཤོས་ཅིག་ལུ་ ཕན་ཐབས་ཀྱི་ འཛིན་སྐྱོར་འཆར་གཞི་བཟོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ལྷུན་རྩེ།


འཐག་མཁནམ་ཚུ་གིས་ ཐགས་ཁྱིམ་ཆུང་ཀུ་ཅིག་ནང་ ཐགས་འཐག་པའི་བསྒང་།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *