བབ་སྟོང་དགོན་པ་ལས་ ཚེ་དབང་དཔལ་འབྱོར་གྱིས་ མི་སྡེ་སློབ་གྲྭ་ཚུ་ རང་འཇགས་བཞག་དགོ་པའི་ ཞུ་བ་ཕུལ་བའི་བསྒང་།

མཁོ་མ་རྒེད་འོག་གིས་ མི་སྡེ་སློབ་གྲྭ་ཚུ་ རང་འཇགས་བཞག་དགོ་པའི་ ཞུ་བ་ཕུལ་ཡོདཔ།

༉ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ མི་སྡེ་སློབ་གྲྭ་ཚུ་ སྒོ་བསྡམས་མི་ལུ་བརྟེན་ མི་སྡེ་དང་ སློབ་ཕྲུག་ཨ་ལོ་ཚུ་ལུ་ བྱ་སྟབས་མ་བདེཝ་བྱུང་དོ་ཡོདཔ་ལས་ རང་འཇགས་བཞག་ནི་ལུ་ གཞུང་གིས་ རྒྱབ་སྐྱོར་གནང་དགོ་པའི་ ཞུ་བ་ཕུལ་ཡི།
དེ་ཡང་ མཁོ་མ་རྒེད་འོག་ བབ་སྟོང་དགོན་པ་གཡུས་ཚན་ལས་ ཚེ་དབང་དཔལ་འབྱོར་གྱིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ལུ་ ཞུ་མིའི་ནང་ མི་སྡེ་སློབ་གྲྭ་ཚུ་ ལོ་བསྟར་བཞིན་དུ་ སྒོ་བསྡམས་དགོ་མི་དེ་ཡང་ གུང་སྟོང་ཐོན་ནི་དེ་གིས་ཨིན་རུང་ ད་ལྟོ་ཡོད་མི་ཨ་ལོ་ཚུ་ དཔེ་ཆ་ལྷབ་དང་འབྲེལ་ ཕམ་ལུ་ཆ་རོགས་འབད་ནིའི་དོན་ལུ་ རང་འཇགས་སྦེ་ར་ བཞག་གནང་དགོཔ་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ དགོན་པ་དཀར་པོའི་གཡུས་ཚན་ནང་ མི་སྡེ་སློབ་གྲྭ་གཅིག་ཡོད་མི་དེ་ བློ་གསར་སློབ་རིམ་ལས་ སློབ་རིམ་༣ པ་ཚུན་ཨིནམ་བཞིན་དུ་ དེ་ནང་ སློབ་ཕྲུག་༡༠ཡོད་མིའི་དོན་ལུ་ སློབ་དཔོན་༢ ལས་བརྒལ་མེད་རུང་ སློབ་དཔོན་༢ ཀྱིས་ ཆོས་ཚན་༤ རེ་ སྟོན་དགོཔ་ཐོནམ་ད་ ཤེས་རིག་གི་སྤུས་ཚད་ལུ་ གནོད་ཉེན་ཆེ་བས་ཟེར་ཨིན་པས།
མ་གཞི་ རང་གི་ཨ་ལོ་ཚུ་ ཕམ་གི་སྦོ་ལོགས་ཁར་བཞག་སྟེ་ གཅེས་སྐྱོང་དང་ རྒྱབ་སྐྱོར་འབད་དེ་ བདག་འཛིན་འཐབ་ནིའི་དོན་ལུ་ ལེགས་ཤོམ་ཨིན་རུང་ སློབ་དཔོན་༢ ཀྱིས་ དཔེ་ཆ་ལེགས་ཤོམ་སྟོན་མ་ཚུགས་པ་ཅིན་ ཨ་ལོ་ཚུ་ ཆུང་ཀུའི་བསྒང་ལས་ ཤེས་རིག་གི་ གཞི་འགྱམ་བཙུགས་ནི་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།
ཨ་ལོ་ཚུ་ སློབ་གྲྭ་ནང་ བཙུགས་པའི་བསྒང་ལས་ར་ ལྟོ་ཐོབ་སློབ་གྲྭ་ནང་ བཙུགས་པ་ཅིན་ བཀབ་གོ་ལ་དང་ བཞེས་སྒོ་ གདན་མལ་ཆ་ཚུ་ག་ར་ གཞུང་གིས་གནང་པའི་ཁར་ ཨ་ལོ་ཆུང་ཀུ་ཚུ་ བདག་འཛིན་འཐབ་མི་ཡང་ ཡོད་ཟེར་ཨིན་པས།
ཕམ་ཚུ་གིས་ མི་སྡེ་སློབ་གྲྭ་དེ་ བཞག་དགོ་མནོ་བ་ཅིན་ རང་འཇགས་བཞག་ཆོགཔ་ཨིན་རུང་ ས་གནས་གཞུང་དང་ རྫོང་ཁག་བདག་སྐྱོང་དང་གཅིག་ཁར་ གསུང་གྲོས་གནང་ཟེར་ བློན་ཆེན་གྱིས་གསུངས་ཡི།
གཡུས་མི་ཀརྨ་གིས་ ཞུ་མིའི་ནང་ རྒེད་འོག་ལས་ དགོན་པ་དཀར་པོ་གཡུས་ཚན་ཚུན་ སོ་ནམ་ཞིང་ལམ་ལྷོད་དེ་ཡོད་རུང་ ད་ལྟོ་ ཐ་ན་ འཕྲུལ་གླང་ཊེག་ཊོར་ཡང་ ཐལ་མ་ཚུགས་པར་ཡོདཔ་ལས་ ལེགས་བཅོས་འབད་ནིའི་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་གནང་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ གཞུང་གིས་ སོ་ནམ་ཞིང་ལམ་བཏོན་བྱིན་པའི་ཤུལ་ལས་ ཕན་ཐོགས་མེད་པའི་ ཉོགས་བཤད་བཀོདཔ་མ་ཚད་ སོ་ལཱན་བསྒྲིག་སྟེ་ རྩི་ནག་གཏང་དགོ་པའི་ རེ་བ་བསྐྱེད་མི་དེ་ མ་གཞི་ མི་སྡེ་གོང་འཕེལ་འགྱོ་བའི་ རྟགས་མཚན་ཨིནམ་མ་ཚད་ གོང་འཕེལ་གྱི་ལམ་ལུགས་ར་ དེ་སྦེ་ཨིན་ཟེར་ཨིན་པས།
རྒེད་འོག་ནང་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༥༣ སེལ་ཡོདཔ་ལས་ ག་ར་སོ་ལཱན་བསྒྲིག་དགོཔ་ཨིན་རུང་ གཞུང་གིས་ སྟབས་གཅིག་ཁར་འབད་མ་ཚུགསཔ་ལས་ འགྲོས་ཀྱིས་སྦེ་ འབད་དགོ་ཟེར་གསུངས་ཡི།
སོ་ནམ་ཞིང་ལམ་གྱི་ ཆུ་གཡུར་མེད་པ་ཅིན་ སེལ་ནིའི་དོན་ལུ་ རྒེད་འོག་གནང་བྱིན་མ་དངུལ་དང་ རྫོང་ཁག་གནང་བྱིན་མ་དངུལ་ཡོད་མི་ཚུ་ ལག་ལེན་འཐབ་དགོ་པའི་ཁར་ ས་བཅད་འཕྲུལ་ཆས་ ཨེགསི་ཀེ་བེ་ཊར་ཡང་ཡོདཔ་ལས་ ལག་ལེན་འཐབ་དགོ་ཟེར་གསུངས་ཡི།
མཁོ་མ་རྒེད་འོག་ནང་ འཐུང་ཆུ་དང་ གློག་མེ་ དེ་ལས་ འགྲུལ་འཕྲིན་གྱི་ཁྱབ་ཚད་ཚུ་ བརྒྱ་ལས་༡༠༠གྲུབ་འབྲས་ཐོན་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *