སྤྱི་ཟླ་༨ པའི་ཚེས་༡༥ ལུ་ འབྲུག་མཁལ་རྡོག་གཞི་ཚོགས་བཙུགས་ཏེ་ ལོ་༧ ལང་བའི་ ཉིནམ་དང་འབྲེལ་ གསོ་བའི་ལས་བྱེདཔ་ཚུ་གིས་ མི་མང་ལུ་ གསོ་བའི་བརྟག་དཔྱད་ལས་རིམ་ འགོ་འདྲེན་འཐབ་པའི་བསྒང་།

མཁལ་རྡོག་ཚབ་བཙུགས་མི་ཚུ་ལུ་ ལྷན་ཐབས་ཀྱི་དོན་ལས་ ལས་རིམ་གསརཔ་གཞི་བཙུགས།

༉ སྤྱི་ལོ་༢༠༠༥ ལུ་ སྐྱེས་ལོ་༤༠ ལང་མི་ བསོད་ནམས་ཚེ་རིང་དེ་ མཁལ་རྡོག་མེདཔ་ཐལ་ཡོདཔ་ལས་ ཁོ་རའི་ ནུ་གཅུང་ལས་ མཁལ་མ་ཚབ་བཙུགས་པའི་ཤུལ་ལས་ མི་ཚེ་བདེ་ཉམས་ཐོག་ལུ་ སྐྱོང་སྡོད་ནུག།
ཨིན་རུང་ ལོ་༡༡ གི་ཤུལ་ལས་ མཁལ་རྡོག་ཚབ་བཙུགས་མི་དེ་ མེདཔ་ཐལ་སོཔ་ལས་ ད་རུང་ མཁལ་རྡོག་ཚབ་བཙུགས་དགོཔ་བྱུང་ཡོདཔ་ད་ ད་རེས་ཀྱི་ མཁལ་རྡོག་དེ་ ཁོ་རའི་ གནས་ཚང་གིས་ བྱིན་ཡོདཔ་ཨིན་པས།
བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ མཁལ་རྡོག་ཚབ་བཙུགས་རུང་ ག་ཅི་ལུ་བརྟེན་ མེདཔ་ཐལ་ཡོདཔ་ཨིན་ན་ཟེར་ ཚ་གྱང་ལང་སྡོད་ཡོད་རུང་ ཤུལ་ལས་ ཁོ་ར་གིས་ ལེགས་ཤོམ་སྦེ་ བདག་འཛིན་མ་འབད་མི་དེ་གིས་འོང་ནི་ཨིན་པའི་ འཆར་སྣང་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བསྒང་ མཁལ་རྡོག་དེ་ ཚབ་བཙུགས་པའི་ཤུལ་ལས་ གོ་བ་བརྡ་སྤྲོད་སྤེལ་ནི་དང་ གཟུགས་ཁམས་འཕྲོད་བསྟེན་ དེ་ལས་ རྒྱལ་ཁབ་ནང་ མཁལ་རྡོག་དང་འབྲེལ་བའི་ མཁས་མཆོག་ཚད་གཅིག་ལས་བརྒལ་ མེད་པའི་ཁར་ སྨན་བཅོས་ལོག་འབད་ནི་ལུ་ ཞབས་ཏོག་མིན་འདུག་ཟེར་ཨིནམ་ད་ ཚར་གཅིག་མཁལ་རྡོག་ཚབ་བཙུགས་ཞིནམ་ལས་ དེ་སྦེ་ར་ སྡོད་ནི་དེ་ འཛོལ་བ་ཨིན་མས་ཟེར་ བཤདཔ་ཨིན་པས།
དེ་བཟུམ་མའི་ གདོང་ལེན་བྱུང་མིའི་སྐོར་ལས་ བསོད་ནམས་ཚེ་རིང་རྐྱངམ་གཅིག་མེན་པར་ མཁལ་རྡོག་ཚབ་བཙུགས་མི་ ལེ་ཤ་ཅིག་གིས་ར་ བསམ་འཆར་ཅོག་འཐདཔ་སྦེ་ བཤདཔ་མ་ཚད་ ལ་ལོ་ཅིག་ མཁལ་རྡོག་ཚབ་བཙུགས་པའི་ཤུལ་ལས་ བཟའ་ཚང་དང་ ཨམ་སྲུ་ཚུ་གིས་ བཀོག་བཞག་ཡོད་པའི་ དཀའ་ངལ་ཡང་ བྱུང་པའི་ཁར་ ལ་ལོ་འབུ་ནད་ལུ་བརྟེན་ ཤི་རྐྱེན་ཡང་ བྱུང་ཡོདཔ་ཨིན་པས།
ཨིན་རུང་ ད་ལས་ཕར་ མཁལ་རྡོག་ཚབ་བཙུགས་མི་ བསོད་ནམས་ཚེ་རིང་དང་ གཞན་ཚུ་གིས་ དེ་བཟུམ་མའི་ སྟབས་མ་བདེཝ་ མི་འབྱུང་ནི་ཨིནམ་ད་ དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ འབྲུག་མཁལ་རྡོག་གཞི་ཚོགས་བཙུགས་ཏེ་ ལོ་༧ ལང་བའི་ ཉིནམ་དང་འབྲེལ་ གཞི་ཚོགས་ཀྱི་འོག་ལུ་ མཁལ་རྡོག་ཚབ་བཙུགས་མིའི་ ལས་ཚན་གསརཔ་ཅིག་ གཞུང་འབྲེལ་ཐོག་ གཞི་བཙུགས་འབད་ཡི།
གལ་སྲིད་ ལས་རིམ་དེ་ འཆར་གཞི་དང་འཁྲིལ་ཏེ་ འགྱོ་བ་ཅིན་ མཁལ་རྡོག་ཚབ་བཙུགས་མི་ཚུ་ འབྲེལ་འཛིན་འབད་ནི་དང་ རྒྱབ་སྐྱོར་ དེ་ལས་ མི་ཚེ་ལེགས་ལྡན་བཟོ་ཚུགས་ནི་ཨིནམ་ད་ ལས་རིམ་དེ་ཡང་ མཁལ་རྡོག་ཚབ་བཙུགས་མི་ཚུ་གིས་ གནས་སྐབས་བཏོན་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ལས་ གཞི་ཚོགས་ཀྱིས་ ཧེ་མ་ལས་ མཁལ་རྡོག་གི ནདཔ་ཚུ་ལུ་ རྒྱབ་སྐྱོར་འབད་བཞིན་དུ་ཡོད་མི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ གཞུང་གིས་ ནདཔ་ཚུ་ལུ་ ཟད་འགྲོ་ས་ཡ་ལས་བཅད་དེ་ བཏང་ཐོག་ལས་ རྒྱ་གར་ལུ་ སྨན་བཅོས་འབད་བར་ བཏང་དོ་ཡོདཔ་ལས་ ཟད་འགྲོ་འཕྲོ་བརླག་མ་བཏང་པར་ འབད་ནི་དེ་ ང་བཅས་རའི་ འགན་ཁུར་ཨིན་ཟེར་ཨིན་པས།
གཞི་ཚོགས་ཀྱིས་ མཁལ་རྡོག་གི་ནདཔ་དང་ ཁོང་བདག་འཛིན་འབད་མི་ཚུ་ ཐིམ་ཕུག་ལུ་ མགྱོན་ཁྱིམ་ནང་ སྡོད་པའི་སྐབས་ རྒྱབ་སྐྱོར་ཚུ་ཡང་ དམིགས་བསལ་དུ་ མི་མང་ཤེས་ཡོན་དང་ ནད་གཞི་མི་འཐོབ་ནིའི་དོན་ལུ་ གོ་བ་བརྡ་སྤྲོད་ཚུ་ འབད་དོ་ཡོདཔ་ཨིན་པས།
འབྲུག་མཁལ་རྡོག་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ བཀྲིས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གཞི་ཚོགས་ཀྱིས་ མཁལ་རྡོག་ནདཔ་ཚུ་དང་ འདུ་འཛི་ཅན་སྦེ་ སྡོད་པའི་སྐབས་ མཁལ་རྡོག་ཚབ་བཙུགས་མི་ཚུ་ལུ་ རྒྱབ་སྐྱོར་འབད་མ་ཚུགས་མི་ལུ་བརྟེན་ ཁྱད་པར་ཞུགསཔ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མཁལ་རྡོག་གི་ སྨན་བཅོས་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ཐོག་ སྨན་འཕྲོ་མཐུད་ཟ་དགོཔ་དེ་ ཁག་ཆེ་ཟེར་ཨིནམ་ད་ དམིགས་བསལ་དུ་ མཐའ་ཟུར་ལུ་ སྡོད་མི་དང་ ཤེས་ཡོན་མེད་མི་ཚུ་ དུས་ཐོག་ལུ་ སྨན་བཅོས་བསྐྱར་ཞིབ་འབད་བར་ འོང་མི་ཚུགས་དོ་ཡོདཔ་ལས་ དེ་གིས་ ནད་གཞི་གཞན་ཚུ་ ཐོབ་མས་ཟེར་ཨིན་པས།
མཁལ་རྡོག་ཚབ་བཙུགས་ཞིནམ་ལས་ གཡུས་ཁར་སོང་པའི་ཤུལ་ལུ་ ལོག་སྨན་བཅོས་འབད་བར་ འོང་ནི་ལུ་ གདོང་ལེན་བྱུང་པའི་ཁར་ ལ་ལོ་ཅིག་ གཙོ་བསྟེན་སྨན་ཁང་ནང་ ལྷོད་མི་ཚུགས་པས་ཟེར་ཨིན་པས།
དེ་འབདཝ་ལས་ ལས་རིམ་དེ་གིས་ མཁལ་རྡོག་ཚབ་བཙུགས་མི་ཚུ་ལུ་ གྲོགས་རམ་བྱིན་ནི་དང་ མཁལ་རྡོག་ཚབ་བཙུགས་མི་ཚུ་གི་བར་ན་ གོ་བ་བརྡ་སྤྲོད་དང་ མཉམ་འབྲེལ་འབད་ཐོག་ལས་ ཁོང་གི་ ཁ་གསལ་ཚུ་ བལྟ་ཞིནམ་ལས་ ཞབས་ཏོག་ལེན་ནི་ལུ་ ལྷན་ཐབས་དང་ མཁལ་རྡོག་ཚབ་བཙུགས་མི་དེ་ མེདཔ་མི་ཐལ་ནི་གི་ རྒྱབ་སྐྱོར་འབད་ཚུགས་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ མཁལ་རྡོག་ཚབ་བཙུགས་མི་༡༢༠ དེ་ཅིག་གིས་ གཞི་ཚོགས་དང་ ཐོ་བཀོད་འབད་དེ་ཡོད་རུང་ ལས་རིམ་གྱི་དོན་ལུ་ གཞི་ཚོགས་ཀྱིས་ མ་དངུལ་གྲོགས་རམ་འཚོལ་ནི་ འགོ་བཙུགས་ཡོདཔ་ད་ ལས་རིམ་དེ་གིས་ མཁལ་རྡོག་ཚབ་བཙུགས་མི་ཚུ་ལུ་ དངུལ་ཀྲམ་༢༠,༠༠༠ རྒྱབ་སྐྱོར་བྱིན་ཐོག་ལས་ རྒྱ་གར་ལུ་ སྨན་བཅོས་བསྐྱར་ཞིབ་འབད་བར་ གཏང་ནི་ཨིནམ་བཞིན་དུ་ སྨན་བཅོས་དེ་ཡང་ ལོ་༢ ནང་ ཚར་རེ་འབད་དགོ་དོ་ཡོདཔ་ཨིན་པས།
བཀྲིས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གཞི་ཚོགས་ལུ་ མི་ཚུ་གིས་ བློ་གཏད་དང་ ཡིད་ཆེས་བསྐྱེད་དེ་ཡོདཔ་ལས་ དགོས་མཁོ་བྱུང་མི་ཚུ་ལུ་ གྲོགས་རམ་འབད་བཞིན་དུ་ཡོདཔ་ལས་ ལས་རིམ་དེ་ མཐར་འཁྱོལ་ཅན་འབྱུང་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
རྒྱལ་ཁབ་ནང་ མཁལ་རྡོག་ཁྲག་སེལ་ ནདཔ་༡༧༡ དང་ འཐུས་མི་༣,༠༠༠ དེ་ཅིག་ གཞི་ཚོགས་དང་ ཐོ་བཀོད་འབད་དེ་ཡོདཔ་ད་ འཐུས་མི་ཚུ་གིས་ ཐིམ་ཕུག་རྒྱལ་ཡོངས་ རྗེས་དྲན་མཆོད་རྟེན་ནང་སྦེ་ དཀར་མེ་སྟོང་མཆོད་ཕུལ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *