༉ གསར་འགྱུར་ཅན་གྱི་ གནས་སྟངས་ནང་ རྒྱལ་ཁབ་འདི་ གོམ་པ་མདུན་ཕྱོགས་ལུ་སྤོཝ་ད་ ཉམས་སྣང་ཆེ་བའི་རྒྱབ་རྟེན་ལུ་ ནམ་ཡང་བྱུང་མ་མྱོང་བའི་ དུས་བསྐལ་བཟུམ་ཅིག་སྦེ་ འབྲུག་གི་ལྟ་བཤལ་གྱི་ཁྲལ་བསྡུ་བླང་ འཕྲི་སྣོན་དཔྱད་ཡིག་༢༠༢༢ ཅན་མ་དེ་ ཆ་འཇོག་ཐོག་ བསྟར་སྤྱོད་ཀྱི་ མདུན་སྐྱོད་འབདཝ་ཨིན་མས།
སྤྱིར་བཏང་འཚུབས་འབྱོར་ཅན་གྱི་ དུས་ཚོད་འདི་བཟུམ་ཅིག་ནང་ ག་ཅི་སྦེ་ དཔྱད་ཡིག་དེ་ མདུན་ལམ་སྒྲིགཔ་ཨིན་ན་ཟེར་བའི་ དྲིས་བཀོད་འབད་མི་ ལེ་ཤ་ཐོན་དོ་ཡོད་རུང་ ནམ་དུས་དང་བསྟུན་ ཉི་གདུགས་བཀབ་ནི་ལུ་ གཡང་ཟ་དགོཔ་ཅིག་མིན་ནུག།
སྤྱི་ལོ་༡༩༧༠ གྲངས་ལས་ཚུར་འགོབཙུགས་ ལྟ་བཤལ་ལུ་བརྟེན་པའི་ འོང་འབབ་ཚུ་ འབྲུག་མི་ངོ་ཚབ་དག་པ་ཅིག་གིས་ འབོར་ཆེ་ཏོག་ཏོ་སྦེ་ར་ བཟོ་ཡོད་རུང་ ད་ཚུན་གྱི་རིང་ལུ་ རྒྱལ་ཁབ་ཀྱི་ ཉེན་ཁ་ག་ཅི་བཟུམ་ནང་ ལྷོད་ཡོདཔ་ཨིན་ན་ བསྒྱུར་བཅོས་མ་འབད་བར་ལུས་སོ་ནུག།
ནམ་དུས་དང་བསྟུན་པའི་ གོ་མ་གྱོན་པ་ཅིན་ བསིལ་ས་ཡུན་རིང་ ཆུ་ཡང་རྡོག་མ་བཏགས་ཟེར་དོ་བཟུམ་ ནམ་ཕུགས་བཙན་ཐབས་ལུ་ དམིགས་དཔེའི་གོ་མཚོན་ཐད་ཀར་དུ་ འཕང་རན་ནི་དེ་གིས་ བཤོལ་བཞག་ཐབས་ཅིག་མིན་འདུག་ཟེར་མནོཝ་མས།
མ་གཞི་ སྲིད་འཆར་གྱི་ དབང་དུ་བཏང་པ་ཅིན་ དཔྱད་ཡིག་འདི་དང་འབྲེལ་བའི་ འཁྲི་འགན་དང་ སྐྱོན་བརྗོད་ཡང་ འོང་སྲིད་ནི་ཨིན་རུང་ ད་ལྟོའི་ལམ་ཕྱོགས་ལུ་ མདུན་སྐྱོད་མ་འབད་བ་ཅིན་ དེ་གིས་ མ་འོངས་ཡུན་རིང་ལུ་ གདོང་ལེན་ག་ཅི་བཟུམ་ཅིག་ འབྱུང་ནི་ཨིན་ན་ ཁ་ནང་བལྟས་སུ་ དྲན་ཤེས་བསྐྱེད་དགོཔ་འདུག།
གཞན་དང་གཞན་ཡང་ རྐྱེན་ངན་གྲོགས་སུ་འཆར་ཏེ་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ ནད་ཡམས་ཀྱིས་ ཕྱི་ནང་མེད་པར་ དཀྲོགས་པའི་ནམ་དུས་ལུ་ར་ གོ་སྐབས་ལེན་པ་ཅིན་ དུས་ཚོད་བཟང་པོ་ཅིག་ཨིནམ་ལས་ སྲིད་ཀྱི་འཆར་ཚུལ་ལུ་ ཐོ་ག་དེ་སྦེ་ཕོག་རུང་ རྒྱལ་ཁབ་ཀྱི་ གནས་སྟངས་དེ་ར་ ལེགས་ཤོམ་འགྱོ་ཚུགས་པ་ཅིན་ དེ་གིས་ མི་རབས་ལས་མི་རབས་ལུ་ ཁེ་ཕན་་སྦོམ་འབྱུང་ཚུགས།
རྒྱལ་ཁབ་ཀྱི་སྲིད་བྱུས་ རིན་གོང་མཐོ་བ་ གྱངས་ཁ་ཉུང་བའི་ གཞི་རྩ་ལས་ མ་བརྒལ་བར་ བརྗོད་གཞི་ལུ་ གཙོ་རིམ་སྒྲིག་ནི་དང་ བརྗོད་བྱ་ལུ་གཞི་བཟུང་ཐོག་ སྐྱོན་བརྗོད་ག་དེ་སྦེ་ཡོད་རུང་ གདོང་ལེན་འབད་དེ་ འབད་བ་ཅིན་ དེ་གིས་ ཉིམ་ཚར་ཅིག་འཛུལ་རུང་ ལོག་ཤར་ནིའི་གོ་སྐབས་སྦོམ་ར་ཡོད།
ད་ཚུན་ལུ་ ལྟ་བཤལ་དང་འབྲེལ་བའི་ ངོ་ཚབ་མང་རབས་ཅིག་གིས་ ཁེ་སྤོག་ཐོག་ བདེ་ཉམས་སྐྱོང་སྟེ་ རྒྱལ་ཁབ་ལུ་ ཁེ་ཉུང་དང་ ངོ་རྐྱང་ལུ་ ཁེ་སང་སྦོམ་ཐོབ་རུང་ སྲིད་བྱུས་དེ་ བསྒྱུར་བཅོས་འགྱོ་འོང་ཟེར་བའི་ མནོ་བསམ་རྩ་ལས་ར་མ་བཏང་མས།
སྲིད་བྱུས་གཞི་བསྒྱུར་འབད་བའི་བསྒང་ལས་ ངོ་རྐྱང་གི་གྱོང་རྒུད་དང་ མི་སྟོབས་མར་འབབ་ཀྱི་ ལོ་རྒྱུས་སླབ་མ་གཏོགས་ འགན་ཡིག་ཚུ་ནང་ དོན་ཚན་ཁ་གསལ་བཀོད་ཡོད་ནི་དེ་གིས་ འབད་ཐབས་གཞན་མིན་ནུག།
སྲིད་བྱུས་གསར་པའི་ གཞི་ཁུངས་བཀོད་སྒྲིག་ལུ་ གོ་རིམ་བཞིན་དུ་ བལྟ་བ་ཅིན་ ཡུན་བརྟན་ལུ་ ཁུངས་ཐུབ་དང་ རྩ་བརྟན་ དྭངས་གསལ་ གཞན་རྒྱལ་ཁབ་ལུ་ དཔེ་སྟོན་བཏུབ་ དེང་སང་ རྒྱལ་ཁབ་ཀྱི་ གནས་རིམ་ཉམས་འགྱུར་ཁར་ཡོད་མི་དེ་ ལེགས་སྒྱུར་འབད་ནི་ལུ་ ལྷན་གྲོགས་སྦོམ་ར་ཡོད་པའི་ སྲིད་བྱུས་ཨིན་མས།
ལྟ་བཤལ་ཟེར་མི་དེ་ འབྲུག་མི་རེ་རེ་བཞིན་གྱི་ འོང་འབབ་བཟོ་མི་ གཙོ་བོ་ཅིག་ཨིནམ་ལས་ གསར་སྒྱུར་ལུ་བརྟེན་ ཚུལ་བཞིན་དུ་ འབད་ཚུགས་པ་ཅིན་ རྒྱལ་ཁབ་ལུ་ ཁེ་ཕན་སྦོམ་འབྱུང་ནི་ཨིན་རུང་ དེ་ཁར་ལཱ་འབད་དགོཔ་ རྒྱ་ཆེཝ་སྦེ་ཡོདཔ་ལས་ བཀོད་སྒྲིག་ལྟར་དུ་ མདུན་སྐྱོད་འབད་ནི་ལུ་ འགན་ཁུར་སྦོམ་འབག་དགོ་པས།
ད་ལྟོའི་ གནས་རིམ་ནང་འབད་་བ་ཅིན་ ལྟ་བཤལ་ངོ་ཚབ་ སྒྲིང་སྒྲི་མེད་མི་ དེ་བསྟུན་གྱི་ ལམ་སྟོན་པ་འོས་ཁུངས་ཅན་ མེད་པའི་ཁར་ ཟ་ཁང་ཚུ་ཡང་ ཟད་འགྲོ་བཏང་མིའི་ ཁེ་ཕན་ལུ་མེན་པར་ རང་གི་ཁེ་སྤོག་ལུ་ ཁ་སྒྱུར་སོཔ་ལས་ བདག་གཞན་གཉིས་ཆ་ར་ལུ་ ཕན་ཐབས་སྦོམ་ར་ བྱུང་མ་ཚུགས་པར་ལུས་ནུག།
འདི་འབདཝ་ལས་ ད་ལྟོ་ གཞུང་གི་ཁ་ཐུག་ལས་ ཕྱི་རྒྱལ་དང་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་གི་དོན་ལུ་ སྲིད་བྱུས་གཅིག་ བསྟར་སྤྱོད་འབད་ནིའི་ ཐབས་ལམ་བཏོན་མི་དེ་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ཨིནམ་ལས་ ང་བཅས་ཀྱིས་ རྒྱབ་སྐྱོར་འབད་དགོཔ་ཁག་ཆེ།