ཌམ་བར་ཀུ་མར་ གི་མི་རེ་(གཡོན་ཁ་ཐུག་)དང་ བྷུ་ཊཱན་ཀུན་མཉམ་ཚོགས་པའི་གཙོ་འཛིན་ དྲགོས་གནས་བརྟན་ དེ་ལས་ ཤེས་རབ་ཕུན་ཚོགས།

བྷུ་ཊཱན་ཀུན་མཉམ་ཚོགས་པ་གིས་ ད་རུང་ འདེམས་ངོ་༢ གསལ་སྟོན་འབད་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ བྷུ་ཊཱན་ཀུན་མཉམ་ཚོགས་པ་གིས་ ཚོགས་པའི་མི་སྡེ་བརྡ་བརྒྱུད་ ཕེས་བུག་ནང་ ལྷུན་རྩེ་སྨན་སྦིས་-བཙན་མཁར་དང་ རྩི་རང་སྟོད་-གསེར་གྱི་ཐང་འདེམས་ཁོངས་༢ ཀྱི་ འདེམས་ངོ་ཚུ་ གསལ་སྟོན་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༤༠ ལང་མི་ ཤེས་རབ་ཕུན་ཚོགས་ཀྱིས་ སྨན་སྦིས་-བཙན་མཁར་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་ལུ་ ལོ་༡༤ དེ་ཅིག་གི་རིང་ གཞུང་ལུ་ཕྱག་ཞུ་བའི་ ཉམས་མྱོང་ཡོདཔ་མ་ཚད་ ལམ་སེལ་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་སྦེ་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།
ཨ་ལོ་༢ ཀྱི་ ཨ་པ་ ཤེས་རབ་ཕུན་ཚོགས་ཀྱིས་ གསར་སྤང་དང་ བཀྲིས་སྒང་ ལྷུན་རྩེ་ སྤུ་ན་ཁ་རྫོང་ཁག་ཚུ་ནང་ བཀོད་ཁྱབ་བཟོ་རིག་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ ཐའི་ལེནཌ་ཨེ་ཤི་ཡཱན་འཕྲུལ་རིག་སྤེལ་ཁང་ལས་ ཞི་བའི་བཟོ་རིག་ནང་ གཙུག་ལག་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།
ཁོ་གིས་ བཀྲིས་ཐང་-མགར་ས་དང་ ལྷུན་རྩེ་ཤིང་མཁར་-གོར་གཱན་གྱི་ འཁོར་ལམ་བསལ་ནིའི་ནང་ཡང་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།
ཧེ་མའི་འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ གནས་ཚུལ་རྩོམ་སྒྲིག་དང་ ཞིབ་འཚོལ་འགོ་དཔོན་གོངམ་ ཌམ་བར་ཀུ་མར་ གི་མི་རེ་གིས་ རྩི་རང་སྟོད་-པ་ཏ་ལི་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་ར་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཚོགས་སྡེ་གི་ གདམ་ངོའི་འཛོམས་འདུ་སྐབས་ གདམ་འཐུ་གྲུབ་མ་ཚུགསཔ་ཨིན་པས།
ཌམ་བར་གྱིས་ མཇུག་ར་ ཡུ་ནིགསི་གྲོས་སྟོན་དང་གཅིག་ཁར་ བརྡ་བརྒྱུད་གྲོས་སྟོན་པ་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་ལུ་ བརྡ་དོན་དང་ ནང་རིག་ནང་ གཙུག་ལག་ཤེས་ཚད་ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *