བློན་པོ་བདེ་ཆེན་དབང་མོ་ འཛམ་གླིང་གསོ་བའི་ཚོགས་འདུའི་ གཙོ་འཛིན་སྦེ་གདམ་འཐུ་གྲུབ་ཡོདཔ།

༉ ཁ་ཙ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ལོ་བསྟར་ཚོགས་འདུའི་ གཙོ་འཛིན་གྱི་ འགན་འཁྲི་ལེན་མི་དེ་ རྒྱལ་ཁབ་ཀྱི་དོན་ལུ་ རྒྱལ་རབས་ཅན་ཅིག་ཨིན་པས།

དུས་ཅིའི་ ཚོགས་འདུའི་གཙོ་འཛིན་དེ་ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ སྐོར་རྒྱབ་ཨིནམ་བཞིན་དུ་ བློན་པོ་བདེ་ཆེན་དབང་མོ་དེ་ ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་གཞན་ཚུ་གིས་ གདམ་འཐུ་འབད་ཡོདཔ་ཨིན་པས།

གཙོ་འཛིན་གསརཔ་ བཙག་འཐུ་གྲུབ་སྟེ་ ཁ་ཙ་ འཛམ་གླིང་གསོ་བའི་ཚོགས་འདུ་ འགོ་བཙུགསཔ་དང་འབྲེལ་ བློན་པོ་བདེ་ཆེན་དབང་མོ་གིས་ ངོ་སྤྲོད་གསལ་བཤད་སྐབས་ འཐུས་མི་རྒྱལ་ཁབ་གཞན་ཚུ་གིས་ མོ་ར་ གདམ་འཐུ་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ བཤད་ཅི།

བློན་པོ་བདེ་ཆེན་དབང་མོ་གིས་འབད་བ་ཅིན་ ནད་ཡམས་ཀྱི་ གནས་སྟངས་ལུ་བརྟེན་ དུས་ཅི་ འཛམ་གླིངས་གསོ་བའི་ཚོགས་འདུ་དེ་ ཁག་ཆེ་དྲགས་ཅིག་ཨིནམ་ལས་ ག་ར་གིས་ ནད་ཡམས་ལུ་ གདོང་ལེན་འབད་ནིའི་ བརྩོན་ཤུགས་བསྐྱེད་དགོ་ཟེར་ཨིན་པས།

ད་ལྟོ་ཚུན་ འབྲུག་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐུ་སྲོག་བློས་བཏང་ཐོག་ལས་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ ཕྱག་ལཱ་གནང་བཞིན་དུ་ཡོདཔ་ལས་ འབྲུག་རྒྱལ་ཁབ་འདི་ ཁ་རྗེ་བཟང་སྟེ་ཡོད་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།

དུས་ཅི་ འཛམ་གླིང་གསོ་བའི་ཚོགས་འདུ་ འགོ་འདྲེན་འཐབ་མི་དེ་ ཚོགས་ཐེངས་༧༤ པ་ཨིནམ་ད་ ཚོགས་འདུ་དེ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ གྲོས་ཐག་བཅད་མི་ ཚོགས་འདུ་མཐོ་ཤོས་ཅིག་ཨིན་པས།

ཚོགས་འདུ་དེ་ཡང་ ཁ་ཙ་ སུ་ཡིད་ཛར་ལེནཌ་གི་རྒྱལ་ས་ ཇེ་ནི་བ་ལུ་འཚོགས་ནི་ འགོ་བཙུགས་ཡོདཔ་ད་ དེ་གི་སྐབས་ལུ་ འཐུས་མི་རྒྱལ་ཁབ་ མང་ཤོས་ཅིག་གིས་ར་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ད་རེས་ འཛམ་གླིང་ནང་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོད་མི་དང་ སྨན་ཁབ་ཚུ་ འདྲ་མཉམ་སྦེ་ མི་ཐོབ་དོ་ཡོད་པའི་སྐོར་ གསལ་ཞུ་ཕུལ་ཡི། 

བཅའ་མར་གཏོགས་མི་ཚུ་གིས་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ ཐོན་སྐྱེད་འབད་ཡོད་མི་ སྨན་ཁབ་ཚུ་ མང་ཤོས་ར་ རྒྱལ་ཁབ་ཕྱུགཔོ་ཚུ་གིས་ འབག་དོ་ཡོདཔ་ལས་ རྒྱལ་ཁབ་སྤྱང་ཀ་ཚུ་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ སྨན་ཁབ་ཚུ་ ག་ར་གིས་ འདྲ་མཉམ་སྦེ་ འཐོབ་ཚུགསཔ་ བཟོ་དགོཔ་འདུག་ཟེར་བཤད་ཅི། 

བཅའ་མར་གཏོགས་མི་ ལ་ལོ་ཅིག་གིས་ བཤད་མིའི་ནང་ ནད་ཡམས་དེ་ལུ་ རྒྱལ་ཁབ་རང་རྐྱང་གིས་ གདོང་ལེན་འབད་ཐབས་མེདཔ་ལས་ ལས་སྡེ་སྤྱིར་བསྡོམས་དང་ རྒྱལ་སྤྱི་མཉམ་འབྲེལ་ཐོག་ལས་ གདོང་ལེན་འབད་དགོཔ་ ཁག་ཆེ་ནི་དང་ སྨན་ཁབ་བཟོ་ནིའི་ ཚན་རིག་གི་ རིག་པ་ཚུ་ རྒྱལ་ཁབ་རང་སོའི་ རྒྱུ་དངོས་བདག་དབང་བཟུང་སྟེ་ མ་བཞག་པར་ གཞན་ལུ་སྟོན་བྱིན་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།

འབྲུག་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ གནས་བཞུགས་སྐུ་ཚབ་ ཌོག་ཊར་རུའི་པའོ་ལོ་ཌི་ཇི་སཱསི་གིས་ སླབ་མིའི་ནང་ ད་རེས་ བློན་པོ་བདེ་ཆེན་དབང་མོ་ འཛམ་གླིང་གསོ་བའི་འདུ་ཚོགས་ཀྱི་ གཙོ་འཛིན་སྦེ་ བཙག་འཐུ་གྲུབ་མི་དེ་གིས་ འཛམ་གླིང་ལུ་ འབྲུག་རྒྱལ་ཁབ་ཀྱི་སྐོར་ལས་ སྙན་གྲགས་ཁྱབ་སྤེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

དེ་མ་ཚད་ འབྲུག་ལུ་ འགོ་ཁྲིད་པའི་ ཁྱད་ཆོས་ལྡན་མི་ འགོ་ཁྲིདཔ་ཡོདཔ་མ་ཚད་ དམིགས་བསལ་དུ་ མི་མང་གསོ་བའི་ཁྱད་རིག་དང་ལྡན་པའི་ ཨམ་སྲུ་འགོ་ཁྲིདཔ་ཡང་ཡོད་ཟེར་བའི་ བརྡ་མཚོན་ཅིག་ཨིནམ་ལས་ ང་བཅས་ག་ར་ དཔའ་ཉམས་བསྐྱེད་པའི་ དུས་ཚོད་ཅིག་ ཨིན་པས་ཟེར་ བཤདཔ་ཨིན་མས།

ཌོག་ཊར་རུའི་པའོ་ལོ་ཌི་ཇི་སཱསི་གིས་འབད་བ་ཅིན་ གཙོ་འཛིན་གྱི་ ལཱ་འགན་དེ་ཡང་ ལོ་བསྟར་ཚོགས་འདུ་འགོ་འདྲེན་འཐབ་ནི་དང་ སྲིད་བྱུས་དང་འབྲེལ་བའི་ གནད་དོན་ཚུ་ཐོནམ་ད་ གྲོས་བསྟུན་འབད་ནི་ དེ་ལས་ བར་ན་ལས་ ཁག་ཆེ་བའི་ ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་ནི་དེ་ཨིན་ཟེར་ཨིན་པས།

གཙོ་འཛིན་གྱི་ བཙག་འཐུ་དེ་ཡང་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ བློན་པོ་བདེ་ཆེན་དབང་མོ་གིས་ གཙོ་འཛིན་གྱི་ འགན་ཁུར་དེ་ སང་ཕོད་ཀྱི་ ཚོགས་འདུ་ཚུན་ གནས་ནི་ཨིན་པས།

ཚོགས་འདུ་དེ་ནང་ རྒྱལ་ཁབ་༡༩༤ གིས་ གྲལ་གཏོགས་འབད་དོ་ཡོདཔ་ད་ བློན་པོ་གིས་ ཚོགས་འདུའི་ཞོར་ཁར་ རྒྱལ་སྤྱི་ལས་སྡེ་གཞན་ཚུ་གི་ འཐུས་ཚབ་ཚུ་དང་ཡང་ ཕྱད་ནི་ཨིན་པས།

ཚོགས་འདུ་དེ་ སྤྱི་ཟླ་༦ པའི་ཚེས་༡ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *