བློན་ཆེན་ལུ་ སླ་བསྲེས་དང་ མཐུན་འགྲིག་ཡོད་པའི་ ཀོ་བིཌ་-༡༩ སྨན་ཁབ་བཙུགས་ནི།

༉ ད་རིས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་ལུ་ ཁས་བླངས་པ་ཚུ་དང་གཅིག་ཁར་ ནད་ཡམས་ཀོ་བིཌ་-༡༩ སྨན་ཁབ་ཐེངས་༢ པ་ བཙུགས་ནི་ཨིན་པས།

ཁ་ཙ་ བློན་ཆེན་གྱིས་ གཞུང་འབྲེལ་མི་སྡེ་བརྡ་བརྒྱུད་ཀྱི་ གྲོས་གནས་ཐོག་ལས་ གསུང་འཕྲིན་གནང་མི་དང་འཁྲིལཝ་ད་ ཀོ་བིཌ་-༡༩ འི་ནད་བཀག་སྨན་ཁབ་ མོ་ཌར་ན་དེ་ འགོ་དང་པ་ བཙུགས་ནི་ཨིནམ་བཞིན་དུ་ ཁོ་ལུ་ ཁྱད་རིག་ཐོག་ལས་དང་ ཚན་རིག་གནས་སྡུད་སྐོར་ ཤེས་རྟོགས་ཡོད་མིའི་གུ་ སྨན་ཁབ་བཙུགས་ཞིནམ་ལས་ ཁོ་ལུ་བྱུང་མི་ ཚོར་སྣང་དང་ ཉམས་མྱོང་ཚུ་ མི་སེར་ལུ་ བརྗེ་སོར་འབད་ནིའི་ ལྷན་ཐབས་འབྱུང་ནི་མས་ཟེར་ཨིན་པས།

རྒྱལ་ཡོངས་ལུ་ ཀོ་བིཌ་-༡༩ འི་སྨན་ཁབ་ཐེངས་༢ པ་དེ་ སྤྱི་ཟླ་༧ པའི་ཚེས་༢༠ ལས་ འགོ་བཙུགས་ནིའི་ ལས་རིམ་ཡོདཔ་ལས་ མཁས་མཆོག་དང་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ སྨན་ཁབ་ལས་རིམ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འབྱུང་ཐབས་ལུ་ གྲ་སྒྲིག་གི་ ལཱ་ཚུ་ལུ་ ཤུགས་བཏོན་པའི་བསྒང་ཡོད་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༣ པའི་ནང་ སྨན་ཁབ་དང་པ་བཙུགས་པའི་ ཉམས་མྱོང་ལུ་བརྟེན་ ལཱ་འཇམ་དྲགས་སོང་སྟེ་ཡོད་ཟེར་ཨིནམ་ད་ ང་བཅས་ལུ་ སྨན་ཁབ་རིགས་མ་འདྲཝ་ཚུ་ལངམ་སྦེ་ ཡོདཔ་བཞིན་དུ་ གནད་དོན་དེ་གི་སྐོར་ལས་ མཁས་མཆོག་ཚུ་གི་བར་ན་ ཉེན་སྲུང་གི་དོན་ལུ་ཡང་ གྲོས་བསྡུར་མང་རབས་ཅིག་འབད་ཡི་ཟེར་ བློན་ཆེན་གྱིས་ བཀོད་གནང་ནུག། 

གློ་བུར་དུ་ ལག་ལེན་འཐབ་ནིའི་དོན་ལུ་ གནང་བ་ཐོབ་སྟེ་ཡོད་མི་ སྨན་ཁབ་ཚུ་ཡང་ ཉེན་སྲུང་དང་ལྡནམ་ཡོདཔ་ད་ སྨན་ཁབ་ཐེངས་དང་པའི་ནང་ ཨེསི་ཊ་ཟེ་ནེ་ཀ་བཙུགས་མི་ཚུ་ལུ་ སྨན་ཁབ་༢ པའི་སྐབས་ ཨེམ་ཨར་ཨེན་ཨེ་རིགས་ཀྱི་ སྨན་ཁབ་ཚུ་ བཙུགས་པ་ཅིན་ སྨན་གྱི་ནུས་པ་ ཆེ་སུ་ཡོདཔ་སྦེ་ ཞིབ་འཚོལ་ནང་ མངོན་གསལ་བྱུང་སྟེ་ཡོདཔ་ཨིན་པས།

དེ་ཡང་ སྨན་ཁབ་ཚུ་ སླ་བསྲེས་ཏེ་ བཙུགས་པ་ཅིན་ ཕན་ནུས་ཡོདཔ་བཞིན་དུ་ སྨན་ཁབ་ཐེངས་༢ པའི་ནང་ སྨན་ཅོག་འཐདཔ་བཙུགས་རུང་ ཕན་ནུས་ཡོདཔ་ཨིན་པས།

བློན་ཆེན་གྱིས་ བཀོད་མིའི་ནང་ སྨན་ཁབ་ཐེངས་དང་པའི་ནང་ ཨེསི་ཊ་ཟེ་ནེ་ཀ་བཙུགས་ཏེ་ཡོད་པ་ཅིན་ ཐེངས་༢ པའི་སྐབས་ མོ་ཌར་ན་བཙུགས་ནི་དེ་ འོས་ལྡན་ཡོདཔ་སྦེ་ རྒྱབ་སྣོན་འབདཝ་ཨིན་རུང་ རང་སོའི་གནད་དོན་ལུ་བརྟེན་ སྨན་ཁབ་ཐེངས་༢ པའི་ནང་ ཨེསི་ཊ་ཟེ་ནེ་ཀ་བཙུགས་ནི་ཟེར་སླབ་རུང་ ཐོབ་ཆོགཔ་སྦེ་ བཞག་འོང་ཟེར་ཨིན་པས།

སྨན་ཁབ་ཚུ་ ལངམ་སྦེ་ཡོདཔ་ལས་ འགོ་དང་པ་ བཙུགས་མི་ཚུ་ལུ་ ཨེསི་ཊ་ཟེ་ནེ་ཀ་དང་ སི་ནོ་ཕརམ་ ཡང་ཅིན་ མོ་ཌར་ན་ཚུ་ བཙུགས་ནི་ཨིནམ་ད་ ཁོང་གིས་ སྨན་ཁབ་ཐེངས་༢ པ་དེ་ བདུན་ཕྲག་༤ གི་ཤུལ་ལས་ སི་ནོ་ཕརམ་ ཡང་ཅིན་ མོ་ཌར་ན་བཙུགས་ནི་ཨིན་པས།

དེ་མེན་རུང་ བདུན་ཕྲག་༡༢ ཡང་ཅིན་ བདུན་ཕྲག་༡༦ ལུ་ སྨན་ཁབ་གཅིག་མཚུངས་ཀྱི་ཐོག་ལས་ ཨེསི་ཊ་ཟེ་ནེ་ཀ་བཙུགས་ནི་དང་ སྨན་ཁབ་ཡོད་མི་དང་འཁྲིལ་ཏེ་ སླ་བསྲེས་ཏེ་ཡང་ བཙུགས་ནི་ཨིན་པས།

མི་སེར་ལུ་དོགས་སེལ་དགོ་ནི།

ཁ་ཙ་ ལྡོག་ཕྱོགས་ཚོགས་པ་གིས་ ཀོ་བིཌ་-༡༩ འི་སྨན་ཁབ་ཚུ་ སླ་བསྲེས་ཏེ་བཙུགས་དགོ་པའི་སྐོར་ གཞུང་ལས་ དོགས་སེལ་འབད་དགོ་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ཚོགས་པ་གིས་འབད་བ་ཅིན་ ཁོང་གི་འགན་ཁུར་དེ་ མི་སེར་ཚུ་ལུ་ བརྡ་དོན་དྭངས་གསལ་དང་ཚངམ་སྦེ་ སྤྲོད་ནི་དེ་ཨིན་ཟེར་བཀོད་ནུག། 

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དབུ་ཁྲིད་ལམ་སྟོན་བཟང་པོའི་ཐོག་ལས་ གཞུང་གིས་ སྨན་ཁབ་འཚོལ་ནི་དང་ བཙུགས་ནི་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ བྱུང་མི་ལུ་ ངལ་རངས་ཡོད་ལུགས་ བཀོད་ཡོད་རུང་ སྨན་ཁབ་སླ་བསྲེས་ཏེ་ བཙུགས་མི་ལུ་ རྒྱལ་སྤྱི་ནང་ འབྲེལ་ཡོད་མཁས་མཆོག་དང་ གཙུག་སྡེ་ རྒྱལ་ཁབ་ཚུ་ལུ་ ཚ་གྱང་ཆེ་བའི་ གནས་ཚུལ་དར་ཁྱབ་སོང་སྟེ་ཡོདཔ་ལས་ འབྲུག་མི་ཚུ་ལུ་ཡང་ ཚ་གྱང་ཕོག་སྟེ་འདུག་ཟེར་ཨིན་པས།

དེ་འབདཝ་ལས་ སྨན་ཁབ་ཐེངས་༢ པ་དེ་ མ་བཙུགས་པའི་ཧེ་མར་ གཞུང་གིས་ རྒྱལ་ཡོངས་ནང་ གནད་དོན་དེ་གི་ ཞིབ་རྟོག་དང་ ཁྱད་རིག་གི་ བསམ་ལན་ཚུ་ གོ་བ་བརྡ་སྤྲོད་དང་ ལམ་སྟོན་ཚུ་ འབད་དགོཔ་འདུག་ཟེར་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

སྨན་ཁབ་བཙུགས་དགོཔ་ཁག་ཆེ།

སྐྱེས་ལོ་༡༢ ལས་༡༧ བར་ན་འབད་མི་ ཨ་ལོ་ཚུ་ལུ་ ཕའི་ཟར་སྨན་ཁབ་བཙུགས་ནི་གི་ ལས་རིམ་སོ་སོར་ བཟོ་སྟེ་ཡོདཔ་ད་ དེ་ཡང་ ཀོ་བིཌ་-༡༩ ཁྱབ་སྤེལ་འགྱོ་བའི་ས་ཁོངས་ ཕུན་ཚོགས་གླིང་དང་ བསམ་རྩེ་ དེ་ལས་ ཕྱིའི་རྒྱལ་ཁབ་ནང་ སྨན་བཅོས་དང་ དཔེ་ཆ་ལྷབ་པར་ འགྱོ་མི་ཚུ་ལུ་ བཙུགས་ནི་ཨིན་པས།

བློན་ཆེན་དང་འཁྲིལཝ་ད་ མོ་ཌར་ན་སྨན་ཁབ་དེ་ སྐྱེས་ལོ་༡༧ འོག་རྒྱུ་འབད་མི་ཚུ་ལུ་ བཙུགས་ནི་གི་ སྒྲུབ་བྱེད་ལུ་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ སྨན་ཁབ་དེ་ དུས་ཚོད་ཁར་བཙུགས་ཚུགསཔ་ ངེས་བརྟན་བཟོ་ནིའི་ལཱ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།

བློན་ཆེན་གྱིས་ ཞུ་བ་འབད་མིའི་ནང་ མི་ག་ར་འབད་རུང་ སྨན་ཁབ་གདམ་ཁ་རྐྱབ་ནི་མེན་པར་ སྨན་ཁབ་བཙུགས་ནི་དེ་ གལ་གནད་ཅན་ཅིག་སྦེ་ དང་ལེན་འབད་གནང་ཟེར་ཨིནམ་ད་ ཁྱད་རྣམ་འགྱུར་འགྱོ་མི་ ཌེལ་ཊ་ཀོ་བིཌ་-༡༩ དེ་ འབུ་ཉེན་ཅན་ཅིག་ཨིནམ་ལས་ ག་ར་གིས་ སྨན་ཁབ་བཙུགས་ཏེ་ ནད་འབུབ་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཚུགས་པའི་ མི་རློབས་མངམ་བཟོ་གེ་ཟེར་ བློན་ཆེན་གྱིས་ བཀོད་ནུག།

དེ་འབདཝ་ལས་ དུས་ཚོད་ཐུང་ཀུ་ཅིག་གི་ ནང་འཁོད་ལུ་ མི་རློབས་ཡོངས་བསྡོམས་ལས་ ཉུང་མཐའ་བརྒྱ་ཆ་༨༠ སྨན་ཁབ་བཙུགས་དགོཔ་ལས་ དེ་གིས་ མི་མང་ལུ་ ཀོ་བིཌ་-༡༩ འཐོབ་ནི་ཉེན་ཁ་ མར་ཕབ་འབད་ཚུགས་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *