ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་།

བློན་ཆེན་ལས་ ནདཔ་དང་ནད་གཡོགཔ་ཚུ་གིས་ གསོ་བའི་སྒྲིག་གཞི་ལུ་ གནས་དགོ་པའི་ཞུ་བསྐུལ།

ནད་ཡམས་ཀོ་བིཌ་-༡༩ ཁྱབ་སྤེལ་དང་ འཐོབ་ནི་ལས་ བཀག་ཐབས་ལུ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་འོང་མི་ནདཔ་དང་ ནད་གཡོགཔ་ཚུ་གི་དོན་ལས་ གསོ་བའི་སྒྲིག་གཞི་ དམ་དམ་བཟོ་ཡོདཔ་བཞིན་དུ་ དེ་ལུ་ ག་ར་གིས་ མཉམ་འབྲེལ་འབད་གནང་ཟེར་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ ཁ་ཙ་ཕྱི་རུ་ འབྲུག་རྒྱང་མཐོང་ནང་ གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གསོ་བའི་ཞབས་ཏོག་ལེན་པར་འོང་མི་ ནདཔ་འཚུབས་ཆེན་དང་ ནད་གཡོགཔ་ཚུ་ལུ་ བྱ་སྟབས་མ་བདེཝ་དང་ གློ་བུར་གྱི་ དགོས་མཁོ་བྱུང་ཡོད་རུང་ ནད་ཡམས་བཟློག་ཐབས་ཀྱི་ ལམ་ལུགས་བཟོ་ཡོད་མི་དེ་ལུ་ ངོས་ལེན་འབད་ནི་མ་གཏོགས་ ཆ་རོགས་འབད་ཐབས་རྩ་ལས་མེདཔ་ལས་ བཟོད་པ་བཞེས་གནང་ཟེར་ཨིན་པས།

དཔྱེ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ སྨན་ཁང་ནང་ ཨ་པ་ཚེ་ལས་འདས་ཏེ་ དུར་ཁྲོད་ནང་ བསྐྱལ་ཡོད་མི་གིས་མ་དོ་བར་ ད་རུང་ སྤུན་ཆ་ཅིག་ སྨན་ཁང་ནང་ དབུགས་གཏོང་ལེན་འབད་མ་ཚུགས་པར་ཡོདཔ་ལས་ བུ་གཞི་དང་ སྤུན་ཆ་ཚུ་གིས་ གཞུང་ལུ་ ཁོང་ཆ་ཁྱབ་ ནདཔ་དང་འཕྱད་ནི་ཡོདཔ་ཅིག་གི་ སྐྱིག་སྡུག་གཟིགས་གནང་ཟེར་ ག་དེ་ཅིག་ར་ གསོལཝ་བཏབ་རུང་ ཆ་རོགས་འབད་མ་ཚུགས་ཟེར་ བློན་ཆེན་གྱིས་གསུངས་ཡི།

ནདཔ་དེ་ སྤུན་ཆ་དང་ འཕྱད་མ་ཚུགས་པར་ ཚེ་ལས་འདས་སོང་མི་དེ་ བཟོད་མ་ཚུགསཔ་ཅིག་ཨིན་རུང་ ད་རེས་ཀྱི་ གནས་སྟངས་དང་བསྟུན་པའི་ གསོ་བའི་སྒྲིག་གཞི་བཟོ་ཡོདཔ་ལས་ གཞུང་དང་ ལས་བྱེདཔ་ཚུ་གིས་ ཆ་རོགས་འབད་མ་ཚུགས་ཟེར་ཨིན་པས།

དེ་བཟུམ་སྦེ་ ནདཔ་འཚུབས་ཆེན་ག་དེམ་ཅིག་ཡོད་རུང་ གློ་བུར་སྨན་ཁང་ནང་ལྷོདཔ་ད་ ནདཔ་དང་ནད་གཡོགཔ་གཉིས་ཆ་ར་ ནད་འབུབ་ཡོད་མེད་ ངེས་པར་དུ་ བརྟག་དཔྱད་འབད་དགོ་པའི་ སྒྲིག་གཞི་ཚུ་དང་འཁྲིལ་དགོཔ་ལས་ དཀའ་སྡུག་དང་ སྟབས་མ་བདེཝ་ཚུ་ བྱུང་དོ་ཡོད་རུང་ དེ་ལུ་ ངོས་ལེན་འབད་དགོ་ཟེར་ཨིན་པས།

བློན་ཆེན་གྱིས་ གསུངས་མིའི་ནང་ སྨན་ཁང་ནང་བཞག་མི་ ནདཔ་དང་ ནད་གཡོགཔ་ལུ་ གཞུང་གིས་སྦེ་ བཞེས་སྒོ་ཚུ་ བྱིན་མི་ལུ་ སེམས་དང་མ་ལྡནམ་ལས་ ཉོགས་བཤད་བཀོད་མི་ཐོན་རུང་ ལམ་ལུགས་དང་འཁྲིལ་ན་མ་གཏོགས་ འབད་ཐབས་མེད་ཟེར་ཨིན་པས།

དུར་ཁྲོད་ལུ་ཡང་ ཚེ་ལས་འདས་མི་ཚུ་གི་ མེ་སྦྱང་འབདཝ་ད་ འབྲུག་ཉེན་སྒྲོལ་སྡེ་ཚན་གྱིས་ ཞབས་ཏོག་གང་དྲག་ཞུ་དོ་ཡོདཔ་ལས་ ཚེ་འདས་ཀྱི་ ཕམ་དང་སྤུན་ཆ་བརྩིས་ཏེ་ མི་༡༠ ལས་བརྒལ་ སྤུངས་འཛོམས་འབད་མ་ཆོག་པའི་ སྒྲིག་གཞི་ཡོད་མི་དེ་ལུ་ མི་མང་གིས་ ག་དེ་དྲག་དྲག་ རྒྱབ་སྐྱོར་འབད་བཞིན་དུ་ཡོད་པའི་ཁར་ ནད་ཡམས་ཀྱི་ གནས་སྟངས་ལེགས་ཤོམ་མ་འགྱོ་ཚུན་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་མཛད་གནང་ཟེར་ཨིན་པས།

ད་རེས་ དེ་བཟུམ་མའི་ ལམ་ལུགས་དང་ སྒྲིག་གཞི་བཟོ་དགོ་མི་དེ་ཡང་ གལ་སྲིད་ ནད་འབུབ་ཡོད་མི་ཅིག་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་ཡམས་ཁྱབ་སྤེལ་འགྱོ་བ་ཅིན་ ཉིན་བསྟར་བཞིན་དུ་ མི་མང་ལུ་ ཞབས་ཏོག་ཞུ་མི་ གསོ་བའི་མཁས་མཆོག་དང་ སྨན་པ་ གསོ་བའི་ལས་བྱེདཔ་མང་རབས་ཅིག་ལུ་ ནད་འབུབ་ཐོབ་པ་ཅིན་ གསོ་བའི་ཞབས་ཏོག་ལུ་ ཐོ་ཕོག་ནིའི་ ཉེན་ཁ་སྦོམ་ཡོད་མི་ལུ་བརྟེན་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *