བློན་ཆེན་ཡིག་ཚང་ནང་ ཁྱད་རིག་ལྡན་པའི་ལས་བྱེདཔ་ལངམ་སྦེ་ བཙུགས་ཆོག་ནི།

༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ འབྲུག་གི་ལྷན་རྒྱས་གཞུང་ཚོགས་ཀྱི་དཔྱད་ཡིག་༢༠༢༠ ཅན་མ་གུ་ མཉམ་འབྲེལ་ཚོགས་ཆུང་གིས་ གྲོས་འདེབས་ཕུལ་མི་ཚུ་ གསུང་གྲོས་གནང་ཞིནམ་ལས་ འཐུས་མི་བསྡོམས་༥༩ ལས་༥༥ གིས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་ཕུལ་མི་དང་འཁྲིལ་ དཔྱད་ཡིག་ཆ་འཇོག་གྲུབ་གནང་ཡི།

དཔྱད་ཡིག་ཆ་འཇོག་གྲུབ་མི་དང་འཁྲིལ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ནང་འཁོད་ བློན་ཆེན་ཡིག་ཚང་ཅིག་ གཞི་བཙུགས་ཐོག་ ཁྱད་རིག་གི་ ལཱ་འབད་མི་ མཁས་མཆོག་ལྡན་པའི་ ལས་བྱེདཔ་ལངམ་སྦེ་ བཙུགས་ཆོག་ནི་ཨིན་པས།

དེ་བཟུམ་སྦེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ དོན་ཚན་༢ པའི་ནང་ ཆེད་དུ་བཀོད་ཡོད་མི་ ཁྱད་རིག་ལྡན་པའི་ ལས་བྱེདཔ་ཚུ་ ཞི་གཡོག་ནང་ལས་ བྱིན་དགོཔ་དང་ གལ་སྲིད་ ཞི་གཡོག་ནང་ མེད་པ་ཅིན་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་འཁྲིལ་ཏེ་ ཁ་འབགཔ་སྦེ་ བཙུགས་ཆོག་པས།

དོན་ཚན་༥ པ་དང་འཁྲིལ་བ་ཅིན་ ལས་གཡོགཔ་ཚུ་གི་ དངུལ་ཕོགས་དང་ འཐུས་ དེ་ལས་ ལཱ་གཡོག་གི་ཆ་རྐྱེན་ཚུ་ ཞི་གཡོག་བཅའ་ཡིག་དང་ འབྲེལ་ཡོད་བཅའ་ཁྲིམས་གཞན་ཚུ་དང་འཁྲིལ་དགོཔ་ཨིན་པས།

སྤ་རོ་ལམ་གོང་-ཝང་ཅང་གི་འཐུས་མི་ ཨྱོན་ཚེ་རིང་གིས་ དཔྱད་ཡིག་གི་ ལེའུ་༩ པའི་ནང་ བློན་ཆེན་ཡིག་ཚང་ནང་ ཁྱད་རིག་ལྡན་པའི་ ལས་བྱེདཔ་ལངམ་སྦེ་ བཙུགས་དགོ་ཟེར་མིའི་ནང་ མི་༤ གི་ འདེམས་ཁྲི་བཀོད་དགོ་པའི་ གྲོས་འདེབས་ཕུལ་ཡི།

མགར་ས་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ ཞུ་མིའི་ནང་ འདས་པའི་གཞུང་སྐྱོང་གི་སྐབས་ མི་སྟོབས་བཙུགསཔ་ད་ དཀའ་ངལ་དུམ་གྲ་རེ་ཐོན་ཡི་ཟེར་ཨིནམ་ད་ ཕྱི་རྒྱལ་ལས་ཕར་ འབད་བ་ཅིན་ དྲུང་ཆེན་ཡིག་ཚང་ནང་ ཕྱག་ལཱ་གནང་མི་ཚུ་ལུ་བརྟེན་ དཀའ་ངལ་དང་ ཕྱག་ལཱ་དོན་སྨིན་ཅན་དང་ འཇོན་ཐངས་ཅན་སྦེ་ འབད་མ་ཚུགསཔ་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ བྱེམ་སྦོམ་ཕོག་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།

ཆོས་འཁོར་-སྟང་གི་འཐུས་མི་ ཟླ་བ་གིས་འབད་བ་ཅིན་ བློན་ཆེན་ཡིག་ཚང་ནང་ ལཱ་འབད་མི་ ཞི་གཡོགཔ་ཚུ་གིས་ གཞུང་གི་ངལ་གསོ་ནང་ཡང་ ལཱ་འབད་རུང་ ཐོབ་ལམ་ཚུ་ ཞི་གཡོག་ལམ་ལུགས་དང་ འཁྲིལ་དགོཔ་ལས་ ལཱ་འགན་དང་ ཐོབ་ཐངས་གཅིག་མཚུངས་མེད་པའི་ གདོང་ལེན་ཚུ་ བྱུང་བཞིན་དུ་འདུག་ཟེར་ཞུ་ཡི། 

དེ་བཟུམ་སྦེ་ ད་ལྟོའི་གནས་སྟངས་ནང་ སྲིད་དོན་དང་ཐ་དད་སྦེ་ བཞག་ཐབས་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོགཔ་སྦེ་ བསྐོ་བཞག་གནང་རུང་ ཞི་གཡོགཔ་ཚུ་གིས་ ངོས་ལེན་འབད་མ་བཏུབ་པའི་ དཀའ་ངལ་ཚུ་ཡོདཔ་ལས་ གྲོས་འདེབས་འདི་གིས་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།

ཚོགས་ཆུང་གི་ཁྲི་འཛིན་དང་ འབྲུག་རྗེས་སྒང་-རྩེ་བཟང་གི་འཐུས་མི་ འགྱུར་མེད་དབང་ཕྱུག་གིས་ ཞུ་མིའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ དཔྱད་ཡིག་དེ་ མ་འོངས་པའི་ གཞུང་སྐྱོང་གི་དོན་ལུ་ཨིནམ་མ་ཚད་ ཤུལ་ལས་ བློན་ཆེན་ཡིག་ཚང་དེ་ སྒྲིང་སྒྲི་སྦེ་ གཞི་བཙུགས་འབད་ཐབས་ལུ་ཨིན་ཟེར་ཨིན་པས།

མགར་ས་ཁ་སྟོད་-ལ་ཡའི་འཐུས་མི་ བསྟན་འཛིན་གྱིས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ནང་འཁོད་ ཞི་གཡོག་ལྷན་ཚོགས་དང་ ཞབས་ཏོག་ལུ་ དམིགས་གཏད་དེ་དང་འཁྲིལ་ ཚོགས་ཆུང་གིས་ ཞིབ་འཚོལ་འབད་ཞིནམ་ལས་ སྒོ་ཡངས་དྲགས་དང་ ད་ལས་ཕར་ ཁྲིམས་དང་ སྒྲིག་གཞི་དང་འཁྲིལ་ ལཱ་འབད་ཚུགས་ནིའི་དོན་ལུ་ གྲོས་འདེབས་བཙུགས་ཅི་ཟེར་ཞུ་ཡི།

ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ གསུངས་མིའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་དཔྱད་ཡིག་༢༠༢༠ ཅན་མའི་ནང་ ལེའུ་༡༠ དང་ དོན་ཚན་༨༡ ཡོད་མི་དེ་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་མི་དེ་ བཀའ་གྲོལ་གྱི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཕུལ་ནི་ཟེར་ཨིནམ་ད་ མི་དབང་མཆོག་གིས་ བཀའ་གྲོལ་བའི་ཚེས་གྲངས་ལས་རྐྱངམ་གཅིག་ བཅའ་ཁྲིམས་གུ་ བསྒྱུར་བཅོས་འགྱོ་འོང་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *