བློན་ཆེན་མཆོག་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་མི་ ཨང་༢ པ་ཨིནམ།

༉ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ རྒྱལ་ཡོངས་ནང་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ཀོ་བི་ཤིལཌ་ བཙུགས་ནིའི་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ རྒྱལ་ཁབ་ནང་ སྨན་ཁབ་བཙུགས་མི་ འགོ་དང་པ་དེ་ སྐྱེས་ལོ་༣༠ ལང་མི་ ཨམ་སྲུ་སྤྲེལ་ལོ་ཅིག་ འོང་ནི་ཨིན་པས།

དེ་ཡང་ ནང་པའི་རྩིས་གཞུང་དང་འཁྲིལ་ ལོ་རྟགས་བཟང་ཤོས་དེ་ལས་ སྨན་ཁབ་འགོ་བཙུགས་ནིའི་ རྟེན་འབྲེལ་ལུ་ དམིགས་ཏེ་ཨིན་པས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་ལུ་ སྨན་ཁབ་བཙུགས་ནི་དེ་ རྒྱལ་ཁབ་ནང་ ཨང་༢ པ་ཨིནམ་ད་ དེ་གི་ཤུལ་ལས་ བློན་ཆེན་གྱི་ ནང་མི་བཟའ་ཚང་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་ བཙུགས་ནི་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༢༢ ལུ་ རྒྱ་གར་གཞུང་དང་ མི་སེར་ཚུ་ལས་ འབྲུག་གི་ མི་སེར་ཚུ་ལུ་ ཁྱོསམ་སྦེ་ ནད་ཡམས་ཀོ་བིཌ༌-༡༩ འི་སྨན་ཁབ་ ཀོ་བི་ཤེལཌ་༤༠༠,༠༠༠ གནང་མི་དེ་གིས་ རྒྱལ་ཡོངས་ཀྱི་ སྨན་ཁབ་བཙུགས་ནིའི་ལས་རིམ་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ རྒྱ་གར་གཞུང་གིས་ སྨན་ཁབ་ཐེབས་གནང་མི་དང་བསྟུན་ ཁ་ཙ་ལས་ ནུབ་ཕྱོགས་རྫོང་ཁག་༨ ནང་ སྨན་ཁབ་བཀྲམ་སྤེལ་འབད་ནི་ འགོ་བཙུགས་ཡི་ཟེར་ བཤད་ཡོདཔ་བཞིན་དུ་ དབུས་ཕྱོགས་དང་ ཤར་ཕྱོགས་རྫོང་ཁག་༦ གི་དོན་ལུ་ ད་རིས་ལས་ བཀྲམ་སྤེལ་འབད་ནི་ཟེར་ཨིན་པས།

ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ སྨན་ཁབ་ཚུ་ སྤ་རོ་ལས་ གནམ་གྲུ་ནང་སྦེ་ ཡོན་ཕུ་ལ་གནམ་ཐང་ཚུན་ བསྐྱལ་ནི་ཨིནམ་བཞིན་དུ་ ཤར་ཕྱོགས་རྫོང་ཁག་༦ གིས་ རང་སོའི་ བགོ་བཤའ་ཐོབ་མི་ སྨན་ཁབ་ཚུ་ ལེན་འབག་དགོཔ་ཨིན་ཟེར་ བློན་པོ་གིས་ བཤད་ཅི།

སྤྱི་ཟླ་༣ པའི་ཚེས་༢༢ ཚུན་ སྨན་ཁབ་བཙུགས་ནིའི་ལས་རིམ་ནང་ ཐོ་བཀོད་འབད་མི་༤༩༥,༠༠༠ ལྷགཔ་ཅིག་ཐོན་མི་ལས་ ཁྱད་ཚད་ལྡན་མི་༣༩༧,༦༤༠ ལས་བརྒལ་མིན་འདུག་ཟེར་ཨིནམ་ད་ ཨ་ལོ་ཆགས་མི་ཨམ་སྲུ་དང་ ཨོམ་བྱིན་མི་ཨམ་སྲུ་ཚུ་ གྲལ་ཁར་མེད་ཟེར་ཨིན་པས།

ཨིན་རུང་ ཨ་ལོ་ཆགས་མི་དང་ ཨོམ་བྱིན་མི་ཨམ་སྲུ་ཚུ་གིས་ སྨན་ཁབ་བཙུགས་ནིའི་ དང་འདོད་ཡོད་པ་ཅིན་ རང་སོའི་ས་ཁོངས་ཚུ་ལས་ སྨན་ཁབ་འཐོབ་ཚུགས་ཟེར་ བློན་པོ་གིས་ བཤད་ཅི།

གསོ་བ་ལྷན་ཁག་གིས་ ད་ལྟོ་ཚུན་ སྨན་ཁབ་བཙུགས་སའི་ས་ཁོངས་༡,༠༠༡ ངོས་འཛིན་འབད་མིའི་གྲལ་ལས་ སློབ་གྲྭ་དང་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ས་ཁོངས་༣༦༣ ངོས་འཛིན་འབད་ཡོདཔ་ཨིན་པས།

སྨན་ཁབ་བཙུགས་སའི་ས་ཁོངས་ཚུ་ དབྱེ་ཁག་༡༤༠ བཟོ་ཡོདཔ་ད་ དབྱེ་ཁག་རེ་ནང་ སྨན་བཅོས་མཁས་མཆོག་ ཌོག་ཊར་རེ་ཡོདཔ་ད་ དེ་ཡང་ ལྷན་ཁག་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ གཏང་ནི་སྦེ་ གྲ་སྒྲིག་བཟོ་ཡོདཔ་ཨིན་པས།

ལྷན་ཁག་གིས་ ལམ་འགྱོ་མ་ཚུགས་རུང་ སྨན་ཁབ་བཙུགས་ནི་ཨིན་ཟེར་ ཐོ་བཀོད་འབད་མི་༡༢༠༠ ཡོད་མི་ཚུ་ཡང་ སྨན་ཁབ་བཙུགས་ནིའི་ལས་རིམ་ མཇུག་བསྡུ་ཞིནམ་ལས་ ཁོང་རའི་ ས་ཁོངས་ནང་སོང་སྟེ་ སྨན་ཁབ་བཙུགས་ནི་ཨིན་ཟེར་ ཨིན་པས།

བློན་པོ་དང་འཁྲིལཝ་ད་ སྐྱེས་ལོ་༧༠ ཡན་ཆད་འབད་མི་༨,༩༠༠ ཡོད་མི་ཚུ་ཡང་ སྨན་བཅོས་ས་ཁོངས་ནང་ལས་ སྨན་ཁབ་བཙུགས་ནི་དང་ བཤད་གྲྭ་དང་ སློབ་ཕྲུག་ མཐོ་རིམ་སློབ་ཕྲུག་ དེ་ལས་ སྤེལ་ཁང་ཚུ་ནང་ སྦྱོང་བརྡར་འབད་མི་ཚུ་ཡང་ སྨན་ཁབ་ལས་རིམ་མཇུག་བསྡུ་ཞིནམ་ལས་ ཞབས་ཏོག་བྱིན་ནི་ཟེར་ཨིན་པས།

སྨན་ཁབ་བཙུགས་ནིའི་དོན་ལུ་ ངོས་འཛིན་འབད་མི་ སློབ་གྲྭ་ཚུ་མ་གཏོགས་ གཞན་སློབ་གྲྭ་དང་ ཡིག་ཚང་ཚུ་ ཨ་རྟག་ག་ཨིནམ་སྦེ་ར་ ལཱ་འབད་དགོ་ཟེར་ བློན་པོ་གིས་བཤད་ཅི།

གལ་སྲིད་ ཡིག་ཚང་ནང་འགྱོ་མི་ ལས་བྱེདཔ་ཚུ་གིས་ བདུན་ཕྲག་ངལ་གསོ་ནང་མེན་པར་ ཡིག་ཚང་གི་དུས་ཚོད་ལུ་ སྨན་ཁབ་བཙུགས་ནིའི་ དང་འདོད་ཡོད་པ་ཅིན་ ཡིག་ཚང་བཞག་སྟེ་ སྨན་ཁབ་བཙུགས་ཆོག་ཟེར་ཨིན་པས།

སྨན་ཁབ་བཙུགས་ཞིནམ་ལས་ སྐར་མ་༣༠ ཚུན་ ན་ནི་དང་ ཚ་ནི་ལ་སོགས་པའི་ཚུ་ ལྟ་རྟོག་འབད་ནིའི་དོན་ལུ་ ས་ཁོངས་ནང་སྡོད་དགོཔ་ད་ གལ་སྲིད་ སྟབས་མ་བདེཝ་རེ་འབྱུང་པ་ཅིན་ དེ་འཕྲོ་ལས་ ས་ཁོངས་ནང་ཡོད་མི་ ཌོག་ཊར་ལུ་ སྙན་ཞུ་འབད་དགོ་ཟེར་ བློན་པོ་གིས་ བཤད་ཡོདཔ་ཨིན།

ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་མ་འབད་མི་ཚུ་གིས་ སྨན་ཁབ་ཀྱི་དུས་ཚོད་ལུ་ ས་ཁོངས་ནང་ ཐོ་བཀོད་འབད་ཚུགས་ནི་ཨིན་རུང་ རང་སོའི་ ངོ་སྤྲོད་ལག་ཁྱེར་ཚུ་ བཏོན་དགོཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *