བློན་ཆེན་མཆོག་ ནངས་པར་ཇ་པཱན་ལུ་འབྱོན་ནི།

༉ ཇ་པཱན་གཞུང་གི་ མགྲོན་བརྡ་དང་འཁྲིལ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༡༠ ལས་༡༣ ཚུན་ ཉིན་གྲངས་༤ གི་རིང་ ཇ་པཱན་ལུ་ གཞུང་འབྲེལ་གཟིགས་སྐོར་གནང་པར་ འབྱོན་ནི་ཨིན་པས།
ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ཅིག་ འབད་མིའི་ནང་ བློན་ཆེན་དང་ཕྱག་ཞུ་སྟེ་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ ཇ་པཱན་ལུ་ འབྲུག་གི་གཞུང་ཚབ་ གུང་བློན་འོགམ་ བྲེ་སྲང་རྣམ་རྒྱལ་ ལས་མི་དྲུང་ཆེན་ བསོད་ནམས་དབང་ཕྱུག་ ཟུང་ཕྱོགས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ སྐལ་བཟང་དབང་འདུས་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་གཞན་ཚུ་ འགྱོ་ནི་ཨིན་པས།
གཟིགས་སྐོར་གྱི་སྐབས་ལུ་ བློན་ཆེན་གྱིས་ ཇ་པཱན་གྱི་བློན་ཆེན་ ཤིན་ཟོ་ ཨེ་བི་དང་ གསུང་གྲོས་གནང་ནི་ཨིནམ་མ་ཚད་ ཇ་པཱན་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ དེ་ལས་ ཨོ་ན་ར་རི་དོན་གཅོདཔ་དང་ ཇ་པཱན་ལུ་ཡོད་མི་ འབྲུག་གི་མཐུན་འབྲེལ་ཚོགས་པ་ ཚོང་འབྲེལ་འགོ་འཛིན་ཚུ་དང་ མཇལ་ཕྲད་གནང་ནི་ཨིན་པས།
བློན་ཆེན་གྱིས་ རྒྱལ་ས་ཊོ་ཀི་ཡོ་རྐྱངམ་གཅིག་མེན་པར་ ཕུ་ཀུ་ཤི་མ་ པི་རི་ཕེག་ཅར་ལུ་ སོ་མ་ཁྲོམ་དང་ ཀ་ལ་ག་ཝ་ པི་རི་ཕེག་ཅར་ལུ་ ཨོའེ་སོ་ཁྲོམ་སྡེ་ཚུ་ནང་ཡང་ གཟིགས་སྐོར་གནང་ནི་ཨིན་པས།
ཇ་པཱན་དེ་ འབྲུག་གི་གོང་འཕེལ་མཉམ་རོགས་རྒྱལ་ཁབ་ཅིག་སྦེ་གནས་ཏེ་ ཡུན་རིངམོ་སོང་ཡོདཔ་བཞིན་དུ་ བློན་ཆེན་གྱི་ གཟིགས་སྐོར་ལུ་བརྟེན་ རྒྱལ་ཁབ་གཉིས་ཀྱི་ གཞུང་དང་ མི་སེར་ཚུ་གི་བར་ན་ མཐུན་ལམ་ཚུ་ ལྷག་པར་དུ་ རྩ་བརྟན་འགྱོ་འོང་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *