བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་དང་གཅིག་ཁར་ ཡོན་ཕུ་ལ་རིན་པོ་ཆེ་གིས་ ཡོན་ཕུ་ལ་གནམ་ཐང་གི་ འགོ་འབྱེད་རྟེན་འབྲེལ་ བརྩི་སྲུང་འབད་བའི་བསྒང་།

བློན་ཆེན་མཆོག་གིས་ ཡོན་ཕུ་ལ་གནམ་ཐང་ འགོ་འབྱེད་མཛད་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ གཞུང་འབྲེལ་ཐོག་ལས་ བཀྲིས་སྒང་ ཡོན་ཕུ་ལ་ནང་འཁོད་གནམ་གྲུ་ཐང་ འགོ་འབྱེད་མཛད་ཡོདཔ་ལས་ ད་ལས་ཕར་ རྒྱལ་ཁབ་ཕྱི་ནང་མེད་པའི་མི་ཚུ་གིས་ འཕུར་འགྲུལ་འབད་ཚུགས་ནི་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ གནམ་ཐང་བསྐྱར་བཟོ་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༢༠༡༣ ལུ་ སྤ་རོ་ལས་ གནམ་གྲུ་འཕུར་འགྲུལ་འབད་ཡོད་རུང་ གནམ་ཐང་དེ་ ཉེན་སྲུང་དང་ལྡནམ་སྦེ་མེད་པའི་ཁར་ རྒྱལ་སྤྱི་གནམ་ཐང་གི་ གནས་ཚད་དང་མ་མཐུན་ནི་དེ་གིས་ གནས་སྐབས་ཅིག་ བཀག་ཆ་འབད་བཞག་དགོཔ་ ཐོན་ནུག།
ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༢༠༩ རྒྱབ་སྐྱོར་འབད་ཐོག་ལས་ བཟོ་སྐྲུན་འབད་མི་ ཡོན་ཕུ་ལ་གནམ་ཐང་དེ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་སྐྲུན་འབད་ཚར་ཡོདཔ་ཨིན་པས།
བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ དུང་གེལ་གྱིས་ བཤད་མིའི་ནང་ ཡོན་ཕུ་ལ་ ནང་འཁོད་གནམ་གྲུ་ཐང་དེ་ སྤྱི་ལོ་༢༠༡༡ ལུ་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོད་རུང་ རྒྱལ་སྤྱི་ཞི་བའི་མཁའ་འགྲུལ་གྱི་ ལྟ་རྟོག་འབད་མི་ཚུ་གིས་ ཉེན་སྲུང་དང་ལྡནམ་སྦེ་མིན་འདུག་ཟེར་ སྙན་ཞུ་འབད་བའི་ཤུལ་ལས་ ལོག་ཉམས་བཅོས་འབད་དགོཔ་ ཐོན་སོ་ཡི་ཟེར་ཨིན་མས།
བློན་པོ་གིས་ བཤད་མིའི་ནང་ ད་རེས་ གནམ་གྲུ་ཐང་དེ་ སྤུས་ཚད་དང་ལྡན་པའི་ཁར་ མཁའ་འགྲུལ་དང་ ཞབས་ཏོག་སྤྱོད་མི་ཚུ་གི་དོན་ལུ་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་སྐྲུན་ཡོདཔ་ལས་ དེ་གིས་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ ཁེ་ཕན་སྦོམ་འབྱུང་ཚུགས་ཟེར་ ཨིན་པས།
ཡོན་ཕུ་ལ་གནམ་ཐང་ འགོ་འབྱེད་འབདཝ་དང་འབྲེལ་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ དུང་གེལ་གྱིས་ ཡོན་ཕུ་ལ་ལུ་ཡོད་པའི་ ཞི་བའི་མཁའ་འགྲུལ་དབང་འཛིན་ལུ་ གནམ་ཐང་ཉེན་སྲུང་དང་ལྡན་པའི་ ངོས་འཛིན་ལག་ཁྱེར་གནང་ཡི།
གནམ་ཐང་འགོ་འབྱེད་འབད་མི་ལུ་བརྟེན་ ད་ལས་ཕར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལ་འབད་མི་ ཡར་སེང་འགྱོ་ནི་ཨིན་པའི་ཁར་ རྫོང་ཁག་༢༠ ཀྱི་མི་སེར་དང་ ཞི་གཡོགཔ་ དེ་ལས་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ལུ་ཡང་ ཁེ་ཕན་འབྱུང་ཚུགས་ཟེར་ བརྒྱུད་འབྲེལ་བློན་པོ་གིས་ སླབ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ གནམ་ཐང་ཉམས་བཅོས་འབད་ནིའི་དོན་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ རྒྱབ་སྐྱོར་ཧྲིལ་བུམ་འབད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ཡི།
ད་ལས་ཕར་ ནང་འཁོད་ཀྱི་མི་སེར་དང་ ཕྱིའི་ལྟ་བཤལཔ་ཚུ་གིས་ཡང་ ཚོང་འབྲེལ་གྱི་དོན་ལུ་རྐྱངམ་གཅིག་མེན་པར་ མཁའ་འགྲུལ་གྱི་ཞབས་ཏོག་ལེན་ཏེ་ ཉམས་མྱོང་འཐོབ་ནིའི་ ཁེ་ཕན་འབྱུང་ཚུགས་ཟེར་ཨིནམ་ད་ བུམ་ཐང་གི་ གནམ་གྲུ་ཐང་ ལག་ལེན་འཐབ་དོ་བཟུམ་སྦེ་ ཡོན་ཕུ་ལ་གི་ གནམ་གྲུ་ཐང་དེ་ཡང་ གང་མང་སྤྱོད་ཚུགས་པའི་རེ་བ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ བུམ་ཐང་གི་གནམ་གྲུ་ཐང་དང་ དགེ་ལེགས་ཕུག་གི་གནམ་གྲུ་ཐང་ དེ་ལས་ ཡོན་ཕུ་ལ་གི་གནམ་གྲུ་ཐང་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཟད་འགྲོ་བསྡོམས་ དངུལ་ཀྲམ་ས་ཡ་༧༠༠ ལྷགཔ་ཅིག་ བཏང་ཡི་ཟེར་ཨིན་པས།
ཡོན་ཕུ་ལ་གནམ་ཐང་ནང་ ཞི་བའི་མཁའ་འགྲུལ་གྱི་ ཞབས་ཏོག་བྱིན་མི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མཁའ་འགྲུལ་གྱི་ཞབས་ཏོག་ཚུ་ ནམ་ར་སྤྱོད་དགོ་རུང་ སྤྱོད་ཆོགཔ་སྦེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཡོན་ཕུ་ལ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *