བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ བ་འཇོ་ཁྲོམ་ནང་ རྒྱལ་ཡོངས་ཕྱགས་བདར་ལས་རིམ་ བརྩི་སྲུང་འབད་བའི་སྐབས་ གསུང་བཤད་གནང་པའི་བསྒང་།

བློན་ཆེན་མཆོག་གིས་ བ་འཇོ་ཁྲོམ་ནང་སྦེ་ རྒྱལ་ཡོངས་ཕྱགས་བདར་ལས་རིམ་ བརྩི་སྲུང་འབད་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ རྒྱལ་ཡོངས་ཕྱགས་བདར་ལས་རིམ་ འགོ་འདྲེན་འཐབ་མི་དང་འབྲེལ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ བ་འཇོ་ཁྲོམ་གྱི་ ཕྱགས་བདར་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཕྱགས་བདར་ལས་རིམ་དེ་ཡང་ མི་དབང་མཆོག་གིས་ རྒྱལ་སྲིད་སྐྱོང་སྟེ་ ལོ་ངོ་༡༡ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ནིའི་དོན་ལུ་ཨིནམ་ད་ བློན་ཆེན་གྱིས་ བ་འཇོ་ཁྲོམ་གྱི་མི་ཚུ་ལུ་ དེ་བཟུམ་མའི་ གལ་གནད་ཆེ་བའི་ལས་རིམ་ནང་ བཅའ་མར་གཏོགས་མི་དེ་ལུ་ དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ མཛད་བྱ་བཟང་པོ་གནང་མི་ལུ་ གུས་བཏུད་ཞུ་ནིའི་དོན་ལས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་དེ་ གུས་བཏུད་ཆུང་ཀུ་ཨིན་རུང་ གལ་གནད་ཆེ་བའི་ ལས་རིམ་ཅིག་ཨིན་ཟེར་ བློན་ཆེན་གྱིས་ བཤད་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༩ ལུ་ མི་དབང་མཆོག་ གསེར་ཁྲི་གུ་བྱོན་ཏེ་ ལོ་ངོ་༡༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ ཕྱགས་བདར་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་གི་ཤུལ་ལས་ རྫོང་ཁག་དང་ ཁྲོམ་སྡེ་ དེ་ལས་ ལས་སྡེ་མང་ཤོས་ཀྱིས་ ཁོང་རའི་ཡིག་ཚང་གི་ ཟླ་ཐོ་ཚུ་ནང་ ཟླ་རིམ་གྱི་ ཕྱགས་བདར་ལས་རིམ་སྦེ་ འགོ་བཙུགས་ཡི་ཟེར་ཨིན་པས།
ཉིནམ་བརྩི་སྲུང་ཞུ་བའི་ཤུལ་ལས་ བློན་ཆེན་གྱིས་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་དྲག་པོའི་དམག་སྡེ་ནང་ བདེ་སྲུངཔ་ཤོ་ཐེངས་༢༧ པ་ མཇུག་བསྡུའི་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ད་ དེ་བསྒང་ བློན་ཆེན་གྱིས་ སྦྱོང་བརྡར་མཐར་འཁྱོལ་མི་ བདེ་སྲུངཔ་ཚུ་ལུ་ དགའ་ཚོར་ཡོད་ལུགས་ཀྱི་ གསུང་བཤད་གནང་ཡོདཔ་ཨིན་པས།
བློན་ཆེན་གྱིས་ ཉིནམ་དེ་ལུ་ མི་དབང་མཆོག་ གསེར་ཁྲི་གུ་བྱོན་ཏེ་ ལོ་ངོ་༡༡ འཁོར་བའི་ དམིགས་བསལ་གྱི་ཉིནམ་ ཨིནམ་བཞིན་དུ་ མི་དབང་མཆོག་གིས་ དུས་ཡུན་ཐུང་ཀུ་ཅིག་ནང་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ དགའ་སྐྱིད་ དེ་ལས་ རྒྱལ་ཁམས་ཀྱི་བདེ་སྐྱིད་ཀྱི་དོན་ལུ་ གྲུབ་འབྲས་ལེགས་ཐོན་བྱུང་མི་ལུ་ དགའ་ཚོར་བསྐྱེད་དགོ་ཟེར་ གསུངས་ཡོདཔ་ཨིན་པས།
ཉིནམ་དེ་གི་ ཕྱི་རུ་ཁམས་ཅིག་ཁར་ བློན་ཆེན་གྱིས་ སྤུ་ན་ཁ་རྫོང་ཁག་འོག་གི་ བརཔ་རྒེད་འོག་གི་ མི་སེར་ཚུ་དང་གཅིག་ཁར་ ཕྱད་ཡོདཔ་ད་ དེ་བསྒང་ བློན་ཆེན་གྱིས་ མི་སེར་ཚུ་ལུ་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ གཞུང་དང་མི་སེར་གྱིས་ མཉམ་རུབ་གྲུབ་འབྲས་བཏོན་ཐབས་ལུ་ ལཱ་རྩ་འགེངས་འབད་དགོ་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གཞུང་གིས་ སློབ་གྲྭ་དང་ སྨན་ཁང་ དེ་ལས་ གསོ་བའི་མཐུན་རྐྱེན་ཚུ་ རིན་མེད་སྟོང་པར་བྱིན་ནི་ལུ་ རྩ་འགེངས་ནི་ཨིན་རུང་ མི་སེར་ཚུ་གི་ཁ་ཐུག་ལས་ མཐུན་རྐྱེན་དེ་ཚུ་ བདག་འཛིན་འཐབ་ནིའི་ འགན་ཁུར་འབག་དགོཔ་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
དེ་མ་ཚད་ གཞུང་གིས་ འཁོར་ལམ་ཚུ་ སེལ་བྱིན་ནི་ཨིནམ་ལས་ མི་སེར་ཚུ་གིས་ བདག་འཛིན་འཐབ་དགོ་པའི་ཁར་ མཐུན་རྐྱེན་དེ་ཚུ་ རང་གི་ཨིནམ་བཟུམ་སྦེ་ ཚོར་སྣང་བསྐྱེད་དགོ་ཟེར་ བཤད་ཡོདཔ་ཨིན་པས།

བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ བདེ་སྲུང་སྦྱོང་བརྡར་མཐར་འཁྱོལ་མི་ ཤོ་ཐེངས་༢༧ པ་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།

རྫོང་ཁག་དེ་ནང་ གཞུང་གིས་ ད་ཚུན་ འཕྲུལ་གླང་པ་ཝར་ཊི་ལར་༣ གནང་ཡོདཔ་ད་ མི་སེར་ཚུ་གིས་ པ་ཝར་ཊི་ལར་ ལག་ལེན་འཐབ་མི་མེད་པའི་ དཀའ་ངལ་ཡོད་པའི་སྐོར་ལས་ ཞུ་བ་ཕུལ་མི་ལུ་ བློན་ཆེན་གྱིས་ སོ་ནམ་ལྷན་ཁག་ལུ་ དང་འདོད་ཡོད་མི་ མི་སེར་ཚུ་ལུ་ སྦྱོང་བརྡར་བྱིན་ནི་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
བློན་ཆེན་གྱིས་ རྒེད་འོག་དེ་ནང་ གུང་སྟོང་ཕུད་རྡོག་གཅིག་ཡང་མེད་མི་ལུ་ དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ད་ བརཔ་རྒེད་འོག་ནང་ ཁྱིམ་གུང་པ་༧༢༣ ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ བློན་ཆེན་གྱིས་ ཁ་ཙ་ མགུ་མ་རྒེད་འོག་གི མི་སེར་ཚུ་དང་གཅིག་ཁར་ འཛོམས་འདུ་འགོ་འདྲེན་འཐབ་ཡོདཔ་ད་ རྒེད་འོག་དེ་གི་སྐོར་ལས་ སྙན་ཞུ་ཤོག་གྲངས་༥༠ འབད་མི་ཅིག་ རྒཔོ་མཁའ་འགྲོ་གིས་ ཕུལ་ཡོད་མི་ལུ་ དགའ་ཚོར་ཡོད་ལུགས་ཚུ་ བཤད་ནུག།
རྒེད་འོག་དེ་ནང་ བློན་ཆེན་གྱིས་ མི་སེར་ཚུ་ལུ་ ས་གནས་ཀྱི་འགོ་ཁྲིདཔ་ ལེགས་ཤོམ་ཡོད་མི་དེ་ སྐལ་བ་བཟང་ནུག་ཟེར་ བཤད་ཡོདཔ་ད་ བློན་ཆེན་གྱིས་ དམངས་གཙོའི་རིང་ལུགས་ནང་ ཡུན་བརྟན་གོང་འཕེལ་གཏང་ཐབས་ལུ་ མི་སེར་དང་ གཞུང་གིས་ འགན་ཁུར་འབག་དགོ་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།
མི་སེར་ཚུ་ལུ་ ཤེས་རིག་དང་ གསོ་བའི་མཐུན་རྐྱེན་ལམ་ལུགས་ཚུ་ མི་དབང་མཆོག་གིས་ ག་དེ་སྦེ་ གནང་ཡོདཔ་ཨིན་ནའི་སྐོར་ལས་ བཤད་ཡོདཔ་ད་ དེ་ཚུ་ལུ་ གཞུང་གིས་ ཚ་གྱང་ཡོད་ཟེར་ཨིན་པས།
དེ་མ་ཚད་ བློན་ཆེན་གྱིས་ འདས་པའི་ཟླཝ་ཚུ་ནང་ མི་སེར་ཚུ་གིས་ གསོ་བའི་ཞབས་ཏོག་ལེན་པའི་སྐབས་ རིན་སྤྲོད་དགོ་པའི་སྐོར་ལས་ དར་ཁྱབ་སོང་ཡོད་མི་ལུ་ དོགས་སེལ་འབད་ཡོདཔ་ད་ བློན་ཆེན་གྱིས་ མི་སེར་ཚུ་ལུ་ མི་དབང་མཆོག་གི་དགོངས་བཞེད་ངོ་མ་ར་ གསོ་བའི་མཐུན་རྐྱེན་ཚུ་ རིན་མེད་སྟོང་པར་ བྱིན་ནི་དེ་ཨིནམ་ལས་ དེ་ག་གིས་ཡང་ བསྒྱུར་བཅོས་འབད་མི་ཚུགས་ཟེར་བཤད་ཡོདཔ་ཨིན་པས།
དེ་མ་ཚད་ བློན་ཆེན་གྱིས་ ལམ་ལུགས་དེ་ གཞུང་རྐྱངམ་གཅིག་གིས་སྦེ་ བསྒྱུར་བཅོས་འབད་མི་ཚུགས་ཟེར་ བཤད་ཡོདཔ་ད་ མི་སེར་ཚུ་གིས་ མི་ཚེ་ཡར་དྲག་གཏང་ཐབས་ལུ་ གྲོང་གསེབ་ཚོང་འབྲེལ་གོང་འཕེལ་ཚད་ཀྱི་ མཐུན་རྐྱེན་ཚུ་ལུ་ དང་འདོད་བསྐྱེད་དགོཔ་སྦེ་ གསུངས་ཡོདཔ་ཨིན་པས།
ད་ཚུན་ ལས་འཛིན་གྱི་ ཞབས་ཏོག་ཚུའི་གྲས་ལས་ ཤ་མུ་གི་ ལས་འགུལ་༢ དང་ སྒོ་ནོར་གྱི་ལས་འགུལ་༡ ལུ་ དང་འདོད་བསྐྱེད་མི་ཐོན་ཡོདཔ་བཞིན་དུ་ ད་རེས་ བློན་ཆེན་གྱིས་ སྤུ་ན་ཁ་རྫོང་ཁག་འོག་གི་ རྒེད་འོག་ཚུ་ནང་ གཟིགས་སྐོར་གནང་དོ་ཡོདཔ་ཨིན་པས།
བློན་ཆེན་དང་གཅིག་ཁར་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་དང་ དཀར་སྦྱིས་རྟ་ལོག་གི་འཐུས་མི་ རྡོ་ཕུག་འབྲུག་པ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ གླིང་མུ་ཁ་རྒེད་འོག་གི་ མི་སེར་ཚུ་དང་གཅིག་ཁར་ཡང་ ཕྱད་ཡོདཔ་ད་ དེ་སྐབས་ མི་སེར་ཚུ་གིས་ སེམས་གསོའི་མ་དངུལ་དེ་ དངུལ་ཀྲམ་༡༥,༠༠༠ ལས་༣༠,༠༠༠ ལུ་ ཡར་སེང་གནང་མི་དེ་ལུ་ དགའ་ཚོར་ཡོད་ལུགས་ཚུ་ ཞུ་ཡོདཔ་ད་ གཞུང་གིས་ མི་སེར་གྱི་མཐའ་དོན་ལུ་ ཕྱག་ལཱ་མཛད་གནང་མི་ལུ་ བཀྲིན་དགའ་ཚོར་ཞུ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ རྒེད་འོག་དེ་གི་ མི་སེར་ཚུ་ལུ་ཡང་ གཞུང་གིས་ མི་སེར་གྱི་མཐའ་དོན་ལུ་ འབད་ཚུགས་ཚུགསཔ་ཅིག་ ལཱ་ཚུ་རྩ་འགེངས་ཏེ་ འབད་ནི་ཨིནམ་ལས་ དེ་ཚུ་འགྲུབ་ཐབས་ལུ་ མི་སེར་ཚུ་གིས་འབད་རུང་ མཉམ་འབྲེལ་ལེགས་ཤོམ་འབད་དགོ་ཟེར་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *