བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་ ད་རིས་ ཌཱ་ཀ་ལུ་ཕེབས་ནི།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་ ད་རིས་དྲོ་པ་ བང་ལ་དེཤ་གི་རྒྱལ་ས་ ཌཱ་ཀ་ལུ་ཡོད་པའི་ ཧཟི་རཱཊ་རྒྱལ་སྤྱི་གནམ་གྲུ་ཐང་ནང་ ཕེབས་ནི་ཨིན་པས།

བློན་ཆེན་མཆོག་ བང་ལ་དེཤ་རྒྱལ་ཁབ་ རང་དབང་ཐོབ་སྟེ་ མི་ལོ་༥༠ འཁོར་བའི་དུས་སྟོན་དང་ རྒྱལ་ཁབ་གཞི་འགྱམ་བཙུགས་མི་ བང་ག་བཱོན་དུ་ ཤེག་ མུ་ཇི་བར་ ར་མཱན་འཁྲུངས་ཏེ་ མི་ལོ་༡༠༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ནིའི་དོན་ལུ་ ཨིན་པས།

བློན་ཆེན་མཆོག་ རྒྱལ་སྤྱི་གནམ་གྲུ་ཐང་ནང་ ཕེབས་པའི་སྐབས་ བང་ལ་དེཤ་གི་བློན་ཆེན་ ཤེག་ཧ་སི་ན་གིས་ ཕེབས་བསུ་ཞུ་ནི་དང་ རུ་སྒྲིག་སྟི་སྭོ་གི་ རྟེན་འབྲེལ་མཛད་སྒོའི་རིམ་པ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།

དེ་གི་ཤུལ་ལས་ བློན་ཆེན་མཆོག་ ས་བར་ཟེར་མི་ ས་ཁོངས་ནང་ཡོད་པའི་ རྒྱལ་ཡོངས་མ་ཊིར་རྗེས་དྲན་ས་ཁོངས་ནང་བྱོན་ཏེ་ ཤིང་བཙུགས་གནང་ནི་དང་ སྤྱི་ལོ་༢༠༡༩ ལུ་ ཁོ་རང་གིས་བཙུགས་མི་ ཤིང་དེ་ལུ་ཡང་ གཟིགས་ཞིབ་གནང་ནི་ཨིན་པས།

དེ་གི་ཤུལ་ལས་ བློན་ཆེན་མཆོག་གིས་ བང་ག་བཱོན་དུ་ རྗེས་དྲན་འགྲེམ་སྟོན་ཁང་ནང་ གཟིགས་ཞིབ་གནང་ནི་ཨིན་པས།

ཕྱི་རུ་ཁམས་ཅིག་ཁར་ བློན་ཆེན་གྱིས་ བང་ལ་དེཤ་གི་ ཕྱི་འབྲེལ་བློན་པོ་དང་ མཇལ་ཕྲད་གནང་ནི་ཨིནམ་ད་ དེ་གི་ཤུལ་ལས་ བང་ལ་དེཤ་གི་ བློན་ཆེན་གྱིས་ འགོ་འདྲེན་འཐབ་མི་ སྤྲོ་སྟོན་ལས་རིམ་ནང་ གྲལ་གཏོགས་གནང་ནིའི་ ལས་རིམ་འདུག།

སྤྱི་ཟླ་༣ པའི་ཚེས་༢༤ ལུ་ བང་ལ་དེཤ་གི་ བློན་ཆེན་ཡིག་ཚང་ནང་ བྱོན་ནི་དང་ དེ་གི་ཤུལ་ལས་ སྲིད་འཛིན་དང་འཕྱད་དེ་ རང་དབང་གི་ཉིནམ་ བརྩི་སྲུང་ཞུ་ནིའི་དོན་ལུ་ རྒྱལ་ཡོངས་རུ་སྒྲིག་ཐང་ནང་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་ནི་ཨིན་པས།

དེ་བསྒང་ བློན་ཆེན་གྱིས་ གསུང་བཤད་གནང་ནི་དང་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་ སྡེ་ཚན་གྱིས་ རང་ལུགས་ཀྱི་འཆམ་དང་ ཞབས་ཁྲའི་ལས་རིམ་ཚུ་ སྤྱན་འབུལ་ཕུལ་ནི་ཨིན་པས།

ལས་རིམ་དེ་གི་སྐབས་ལུ་ ད་རེས་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་ སྦྱོང་བརྡར་བ་ སྐད་འཐེན་མི་ ལས་སྐྱིད་ཚེ་དབང་གིས་ བང་ལ་དེཤ་གི་ རང་དབང་ལུ་བསྟོད་པའི་ ཞབས་ཁྲ་ཅིག་ འཐེན་ནིའི་ལས་རིམ་འདུག།

རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་རེས་ ཁོང་གིས་ སྤྱན་འབུལ་ཕུལ་ནི་ཨིན་མི་ ཞབས་ཁྲ་ཚུ་ བང་ལ་དེཤ་དང་ འབྲུག་༢ ཀྱི་བར་ནའི་ མཐུན་འབྲེལ་དམ་ཟབ་ལུ་ བསྟོད་པའི་གླུ་དང་ འབྲུག་པའི་ན་གཞོན་ཚུ་གིས་ བང་ལ་དེཤ་གིས་ ཁོང་ལུ་ ཤེས་ཡོན་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཕུལ་བའི་ ཞབས་ཁྲ་ཚུ་ ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ བློན་ཆེན་མཆོག་གིས་ ཌཱ་ཀ་ལུ་ཡོད་པའི་ འབྲུག་གི་ གཞུང་ཚབ་ཡིག་ཚང་ནང་བྱོན་ཏེ་ འབྲུག་པའི་མི་སྡེ་དང་ འཕྱད་ནི་དང་ བིམསི་ཊེག་ཡིག་ཚང་ནང་ཡང་ བྱོན་ནི་ཨིན་པས།

བང་ལ་དེཤ་གིས་ རང་དབང་ཐོབ་སྟེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་དེ་ཡང་ ཉིན་གྲངས་༡༠ གྱི་རིང་ བརྩི་སྲུང་ཞུ་དོ་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༧ ལུ་ ཤེག་མུ་ཇི་བར་ ར་མཱན་གྱི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ འགོ་བཙུགས་ཏེ་ སྤྱི་ཟླ་༣ པའི་ཚེས་༢༦ ལུ་ རང་དབང་གི་ཉིནམ་ བརྩི་སྲུང་ཞུ་ཐོག་ལས་ མཇུག་བསྡུ་ནི་ཨིན་པས།

ད་ལྟོ་ཚུན་ མཱལ་དིབསི་དང་ ཤྲི་ལངྐ་ དེ་ལས་ ནེ་པཱལ་གྱི་ བློན་ཆེན་ཚུ་ ལྷོད་ཡོདཔ་ད་ རང་དབང་གི་ཉིནམ་ ངོ་མ་ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་འོང་ནི་ཨིན་པས།

ད་ལྟོ་ཚུན་ བློན་ཆེན་གྱིས་ བང་ལ་དེཤ་ལུ་ རྒྱལ་ཁམས་ཀྱི་ཆིབས་སྐྱོད་གནང་མི་དེ་ ཐེངས་༢ པ་ཨིན་པས།

བློན་ཆེན་ཡིག་ཚང་ལས་ལྷོད་མི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་པའི་མི་སེར་ཚུ་གི་ ཐུགས་སྨོན་ཚུ་ བང་ལ་དེཤ་ལུ་ ཞུ་བར་འགྱོཝ་ཨིན་ཟེར་ཨིན་པས།

གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གཟིགས་སྐོར་གྱི་སྐབས་ལུ་ གཞན་ཟུང་ཕྱོགས་ཀྱི་ གྲོས་བསྟུན་ལས་རིམ་ཚུ་ཡང་ འོང་ནི་ཨིན་རུང་ རྒྱལ་ཁབ་གཞི་བཙུགས་འབད་མི་འཁྲུངས་ཏེ་ མི་ལོ་༡༠༠ འཁོར་བའི་ འཁྲུངས་སྟོན་དང་ རྒྱལ་ཁབ་རང་དབང་ཐོབ་སྟེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ཨིན་པས།

ཉིན་གྲངས་༢ ཀྱི་ གཟིགས་སྐོར་ལས་རིམ་དེ་ཡང་ བང་ལ་དེཤ་གཞུང་ལས་ མགྲོན་བརྡ་ལྷོད་མི་དང་འཁྲིལ་ཏེ་ཨིནམ་ད་ བློན་ཆེན་མཆོག་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ ལོག་འབྲུག་ལུ་ བྱོན་ཞིནམ་ལས་ ཉིན་གྲངས་༢༡ གི་རིང་ ཟུར་བཞག་ནང་ བཞུགས་ནི་ཨིན་པའི་གནས་ཚུལ།

ཌཱ་ཀ་ལས་ ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *