བློན་ཆེན་གྱིས་ སློབ་དཔོན་ཚུ་གི་ ངོ་རྐྱང་ལཱ་གི་ འཆར་གཞི་བསྐྱར་ཞིབ་ཀྱི་ བཀའ་རྒྱ་གནང་ཡོདཔ།

༉ སློབ་གྲྭ་ཁག་ཚུ་ནང་ ཨའི་ཌབ་ལུ་པི་ཟེར་མི་ ངོ་རྐྱང་ལཱ་གི་འཆར་གཞི་སྐོར་ལས་ ཉོགས་བཤད་ཚུ་ མི་སྡེ་བརྡ་བརྒྱུད་ནང་ དར་ཁྱབ་སོང་པའི་ཤུལ་ལས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཤེས་རིག་ལྷན་ཁག་ལུ་ འཆར་གཞི་དེ་ བསྐྱར་ཞིབ་འབད་དགོཔ་སྦེ་ འཛིན་སྐྱོང་གི་ བཀའ་རྒྱ་ཅིག་བཏོན་ནུག།
ངོ་རྐྱང་ལཱ་གི་འཆར་གཞི་དེ་ ཞི་གཡོགཔ་ཚུ་གི་ འཇོན་ཐངས་དང་ ལས་འབྲེལ་ཡར་དྲག་གཏང་ནི་དང་ འཆར་གཞི་ལྟ་རྟོག་འབད་ནི་ དེ་ལས་ དབྱེ་ཞིབ་ལམ་ལུགས་ཅིག་ལུ་ གོ་དོ་ཡོདཔ་ད་ དེ་གིས་ ཞི་གཡོགཔ་ལཱ་འབད་མི་དང་མ་འབད་མི་ཚུ་གི་ ཁྱད་པར་ཕྱེ་ཚུ་ནི་ཨིནམ་བཞིན་དུ་ ངོ་རྐྱང་ནང་འཁོད་ལུ་ ལས་འབྲེལ་སྐུགས་ཚུ་ བྱིན་ཐོག་ལས་ འགན་འཁྲི་བཀལ་ནི་ཨིན་པས།
ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ མཚན་རྟགས་བཀོད་ཐོག་ལས་ གསར་བཏོན་འབད་མི་ བཀོད་ཁྱབ་བཀའ་རྒྱ་ནང་ ལྷན་ཁག་གིས་ འཆར་གཞི་དེ་ བསྐྱར་ཞིབ་འབད་བའི་ཤུལ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ བྱིན་དགོཔ་ཨིན་པས།
ལྷན་ཁག་གིས་ ངོ་རྐྱང་ལཱ་གི་འཆར་གཞི་ བསྐྱར་ཞིབ་འབད་ནིའི་དོན་ལུ་ སློབ་གྲྭ་ཤེས་རིག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་ ཁྲི་འཛིན་འབད་ཐོག་ལས་ ཤེས་རིག་འགོ་དཔོན་གཞན་༦ བརྩིས་ཏེ་ ལས་བྱེད་ཚོགས་ཆུང་ཅིག་བཟོ་ནུག།
ཚོགས་ཆུང་དེ་གིས་ ངོ་རྐྱང་ལཱ་གི་ འཆར་གཞི་ལམ་ལུགས་དེ་ ལེགས་བཅོས་འབད་ཐབས་ལུ་ བསྐྱར་ཞིབ་འབད་ནི་ཨིནམ་མ་ཚད་ དམིགས་བསལ་དུ་ སློབ་དཔོན་དང་ སློབ་གྲྭ་ཚུ་གི་ ཚ་གྱང་ཚུ་ བལྟ་ནི་ཨིན་པས།
ལས་བྱེད་ཚོགས་ཆུང་གིས་ སློབ་དཔོན་ཚུ་ལུ་ ཡིག་ཆ་ཟིན་བྲིས་བཏབ་ནིའི་ དཀའ་ངལ་དང་ ལཱ་གི་ལྗིད་ཚད་ཚུ་ བལྟ་ནི་ཨིནམ་མ་ཚད་ སློབ་དཔོན་མཐུན་རྐྱེན་ལྟེ་བ་ སྐུགས་ཚད་ལས་སྣ་དང་ ལས་འབྲེལ་འཛིན་སྐྱོང་ལམ་ལུགས་ ཚད་གཞི་དེ་གིས་ སློབ་གྲྭྭ་ནང་ ཕན་གནོད་ག་ཅི་ར་ཡོདཔ་ཨིན་ན་ཚུ་ བསྐྱར་ཞིབ་འབད་ནི་ཨིན་པས།
དེ་བཟུམ་སྦེ་ འཆར་གཞི་དེ་ལུ་བརྟེན་ སློབ་གྲྭ་ཚུ་ནང་ སྟབས་བདེཝ་འབྱུང་ནིའི་ ཉེན་ཁ་དང་ སློབ་དཔོན་ཚུ་གིས་ དུས་རྒྱུན་གྱི་ ལས་སྣ་ཚུ་ལུ་ སེམས་ཤུགས་བསྐྱེད་མ་ཚུགས་མི་ དེ་ལས་ སློབ་གྲྭ་ཚུ་ནང་ བདག་སྐྱོང་གི་ ལཱ་འབད་མི་དང་ སློབ་དཔོན་ཚུ་གི་ ལས་འབྲེལ་ནང་ འདྲ་མཉམ་མེད་པའི་སྐོར་ལས་ བལྟ་དགོཔ་ཨིན་པས།
ལས་བྱེད་ཚོགས་ཆུང་གིས་ ངོ་རྐྱང་ལཱ་གི་ འཆར་གཞི་བསྐྱར་ཞིབ་དེ་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢ ནང་འཁོད་ལུ་ འབད་ཚར་དགོཔ་ཨིན་པས།
སློབ་གྲྭ་ཁག་གི་ སློབ་དཔོན་མང་ཤོས་ཅིག་གིས་ གནད་དོན་དེའི་སྐོར་ལས་ བསམ་འཆར་བཀོད་མིའི་ནང་ ངོ་རྐྱང་འཆར་གཞི་ལཱ་ཚུ་ བཟོ་བའི་སྐབས་ ཡིག་ཆའི་ལཱ་ ལེ་ཤ་ཡོདཔ་ལས་ དུས་རྒྱུན་གྱི་ སློབ་སྟོན་འབད་ནི་ལུ་ ཐོ་སྦོམ་སྦེ་ར་ ཕོགཔ་མས་ཟེར་ཨིན་པས།
དེ་འབདཝ་ལས་ འཆར་གཞིའི་ལཱ་ཚུ་ འབད་སྡོད་པའི་སྐབས་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་ནི་ལུ་ སེམས་ཤུགས་བསྐྱེད་མི་ཚུགས་པའི་ཁར་ ཤེས་རིག་གི་ སྤུས་ཚད་ལུ་ཡང་ ཐོ་ཕོག་ནིའི་ ཉེན་ཁ་འདུག་ཟེར་ བཤདཔ་ཨིན་པས།
དེ་མ་ཚད་ གཞུང་གིས་ ཤོག་གུའི་ལཱ་ཚུ་ག་ར་ ཡོངས་འབྲེལ་ཐོག་ལས་འབད་དེ་ ཤོག་གུ་ལག་ལེན་མར་ཕབ་ནིའི་ ལམ་ལུགས་ཅིག་ བཟོ་ཡོད་རུང་ ཨའི་ཌབ་ལུ་པི་ལཱ་ཚུ་ ཤོག་གུ་ནང་ བཏོན་དགོཔ་ལས་ ཐབས་ར་མེད་པར་ འབད་དགོཔ་ལས་ འཕྲོ་བརླག་འགྱོཝ་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ངོ་རྐྱང་འཆར་གཞི་ལཱ་ནང་ ལག་ལེན་ཁྱབ་ཁོངས་༦ ཡོད་མིའི་གྲས་ལས་ ཡོངས་རྫོགས་ཞིབ་དཔྱད་དང་ རྩ་གཞུང་དང་འཁྲིལ་ཏེ་ ལག་ལེན་འཐབ་མི་༢ མ་གཏོགས་ འབྲེལ་བ་མིན་འདུག་ཟེར་ཨིན་པས།
སློབ་དཔོན་ཚུ་གིས་ སློབ་གྲྭ་ནང་ འཆར་གཞིའི་ལཱ་ཚུ་ འབད་བའི་མཐའ་མར་ ལས་འབྲེལ་སྐུགས་ཚུ་ ལེགས་ཤོམ་ཅིག་ མ་ཐོབ་ད་ སློབ་སྟོན་འབད་ནི་ལུ་ བློ་སྟོབས་མེདཔ་ བཟོཝ་མས་ཟེར་ བཤདཔ་ཨིན་པས།
སློབ་དཔོན་ཚུ་གིས་ ཉིན་མར་སློབ་སྟོན་འབད་དོ་ཡོདཔ་ལས་ ཨའི་ཌབ་ལུ་པི་གི་ ལཱ་འབད་ནིའི་ དུས་ཚོད་མི་ཐོབ་དོ་ཡོདཔ་ལས་ བདུན་ཕྲག་ངལ་གསོ་དང་ དུས་ཚོད་ཐོབ་པའི་སྐབས་ འབད་དོ་ཟེར་ཨིནམ་ད་ རེ་ཚེ་སྐབས་ ལཱ་དེ་ལུ་བརྟེན་ སློབ་སྟོན་འབད་མ་ཚུགས་པར་ ལུསཔ་མས་ཟེར་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་ བཤད་མའི་ནང་ ད་རེས་ འཆར་གཞི་ལམ་ལུགས་ལུ་ སྟབས་མ་བདེཝ་ཐོན་ཏེ་མེན་པར་ ཨའི་ཌབ་ལུ་པི་ནང་ ག་ཅི་བཙུགས་ནི་ཨིན་ན་ མ་ཤེས་མི་ལུ་བརྟེན་ ཚ་གྱང་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ ལས་འབྲེལ་འཛིན་སྐྱོང་ལམ་ལུགས་དེ་ ལས་འབྲེལ་དབྱེ་ཞིབ་ལེགས་ཉེས་སྐུགས་ཚད་ཐོག་ ཧེ་མ་ལས་ བྱིན་ཏེ་ཡོདཔ་ལས་ བདག་སྐྱོང་གི་ དཀའ་ངལ་ལུ་བརྟེན་ ཁྱད་པར་མི་བཟོ་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ ཤེས་རིག་ལས་སྡེ་ནང་ ལྟ་རྟོག་དང་ གྲལ་གཏོགས་ཐོག་ལས་ གནད་དོན་ཚུ་ སེལ་ཐབས་འབད་ནི་ལུ་ ལཱ་འབད་དོ་ཟེར་ ཁྲི་འཛིན་གྱིས་ བཤད་པའི་ཁར་ ད་ལྟོ་ ཞི་གཡོག་གཞན་ཚུ་གིས་ ཉོགས་བཤད་ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ ལག་ལེན་བཞིན་དུ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *