བློན་ཆེན་གྱིས་ ལེགས་བསྒྱུར་དེ་ དུས་ཚོད་ཁར་ཨིན་ཟེར་བཤད་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཕུན་ཚོགས་གླིང་གི་ ཚོང་པ་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ གལ་གནད་ཅན་གྱི་ གནད་དོན་ལེ་ཤ་གུ་ གསལ་བཤད་གནང་མིའི་གྲས་ལས་ རྒྱལ་ཁབ་ནང་ འཕྲལ་ཁམས་ཅིག་ལས་ ལེགས་བསྒྱུར་གྱི་ མཐོང་གསལ་བྱུང་མི་དེ་ གཙོ་ཅན་ཅིག་ཨིན་ཟེར་ཨིན་པས།

རྒྱལ་ཁབ་ཀྱིས་ ནད་ཡམས་སྐབས་ གདོང་ལེན་བྱུང་མི་དང་ ནད་ཡམས་དེ་ མཐར་འཁྱོལ་ཅན་སྦེ་ ཚད་འཛིན་འབད་ཡོདཔ་བཞིན་དུ་ བློན་ཆེན་གྱིས་ བཤད་མིའི་ནང་ འབྲུག་འདི་ དུམ་མཉམ་དུ་ སོར་སྒྱུར་རིམ་པ་ནང་ འཛུལ་ཞུགས་འབད་ཡོདཔ་ལས་ ལེགས་བསྒྱུར་དེ་ མེད་ཐབས་མེདཔ་ཅིག་ ཨིན་ཟེར་ཨིན་པས།

ད་རེས་ ལེགས་བསྒྱུར་ག་ཅི་ཨིན་རུང་ ང་བཅས་རེ་རེ་བཞིན་གྱི་ཨིནམ་ད་ ལ་ལོ་གིས་ ངོས་ལེན་དང་ ལ་ལོ་གིས་ ངོས་ལེན་མི་འབད་ནི་ཨིན་རུང་ མ་འོངས་རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ཨིན་ཟེར་ཨིན་པས།

ཟ་ཁང་ཚོགས་སྡེའི་ འཐུས་མི་ཅིག་གིས་ རིང་གོང་ཉུང་བའི་ཟ་ཁང་ཚུ་གིས་ ལྟ་བཤལཔ་ཚུ་ བཞག་མ་ཆོགཔ་སྦེ་ བཟོ་མི་ལུ་བརྟེན་ ཚོང་འབྲེལ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོད་པའི་ ཚ་གྱང་ཡོད་ལུགས་ཚུ་ བཤདཔ་ཨིན་པས།

གནད་དོན་དེ་ལུ་ བློན་ཆེན་གྱིས་ བཤད་མིའི་ནང་ ལམ་ལུགས་དེ་ ཧེ་མ་ལས་ཡོདཔ་བཞིན་དུ་ གསརཔ་ཅིག་མེན་ཟེར་ཨིནམ་ད་ ལྟ་བཤལ་དང་འབྲེལ་བའི་ ཞབས་ཏོག་ཚུ་ཡང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ངོ་སྦྱོར་འབད་མི་ ཟ་ཁང་ཚུ་གིས་རྐྱངམ་གཅིག་ བྱིན་ཆོག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གཞུང་གིས་ ཟ་ཁང་ཚུ་ རྒྱ་སྐྱེད་དང་ ངོ་སྦྱོར་འབད་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་རུང་ གལ་སྲིད་ རིན་གོང་ཉུང་བའི་ཟ་ཁང་ཚུ་ ཚོགས་སྡེ་གིས་ ངོ་སྦྱོར་འབད་ནི་ལུ་ ཁྱད་ཚད་མ་ཚང་པ་ཅིན་ གཞུང་གིས་ ཐབས་ལམ་མ་འདྲཝ་བཏོན་ཏེ་ ཁང་ཚན་བཟོ་ནི་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།

ཟ་ཁང་ཚོགས་སྡེའི་ འཐུས་མི་ཚུ་གིས་ ལུང་ཕྱོགས་ལྟ་བཤལཔ་ཚུ་ ཕུན་ཚོགས་གླིང་ལུ་ སྡོད་པའི་སྐབས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ཀྱི་ ཚ་གྱང་ཡོད་ལུགས་སྐོར་ལས་ཡང་ བཤད་ཡོདཔ་ཨིན་པས།

གནད་དོན་ལུ་ བློན་ཆེན་གྱིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ལེགས་བསྒྱུར་བཟོ་མི་དེ་ ཁེ་སང་སྦོམ་བཟོ་ནིའི་དོན་ལུ་མེན་ཟེར་ཨིནམ་ད་ ལེགས་བསྒྱུར་དེ་ཡང་ བརྟག་ཞིབ་ལེགས་ཤོམ་དང་ འབྲེལ་ཡོད་མཁས་མཆོག་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ བཟོ་ཡོདཔ་མ་ཚད་ འབྲུག་འདི་ ལྟ་བཤལ་པའི་ས་ཁོངས་ མ་འདྲཝ་ཅིག་སྦེ་ བཟོ་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།

ལུང་ཕྱོགས་ལྟ་བཤལཔ་ཚུ་བརྩིས་ཏེ་ འཛམ་གླིང་རྒྱལ་ཁབ་གཞན་གྱི་ མི་ཚུ་གིས་ཡང་ ཁོང་རའི་ མི་ཚེའི་ནང་ འབྲུག་ལུ་ ཚར་གཅིག་ལྟ་སྐོར་ནང་ འོང་ནིའི་མནོ་བསམ་བཏང་ཚུགཔ་སྦེ་ བཟོ་ཐབས་ལུ་ཨིན་པའི་ཁར་ རྒྱལ་ཁབ་འདི་ གཙང་སྦྲ་དང་ཉེན་སྲུང་ཅན་སྦེ་ བཟོ་དགོ་ཨིན་པས།

བློན་ཆེན་གྱིས་ དཔེ་བཟུམ་ཅིག་སྦེ་ བཤད་མིའི་ནང་ སིངྒ་པུར་གྱིས་ གུ་རམ་བཟའ་ནི་ལས་ བཀག་ཆ་འབད་མི་གིས་ འཛམ་གླིང་མཐོང་ཚུལ་ནང་ བསྒྱུར་བཅོས་འབད་ཚུགས་ཏེ་ ཡོད་ཟེར་ཨིནམ་ད་ གལ་སྲིད་ འབྲུག་གིས་ཡང་ རྒྱལ་ཁབ་གཞན་བཟུམ་སྦེ་ མཐར་འཁྱོལ་འགྱོ་དགོ་པ་ཅིན་ ལེགས་བསྒྱུར་འབད་ནི་དང་ བསྒྱུར་བཅོས་འབད་ནི་དེ་ ད་རེས་ དུས་ཚོད་ལེགས་ཤོམ་ཅིག་ ཨིན་མས་ཟེར་ཨིན་པས།

ཞལ་འཛོམས་ནང་ བློན་ཆེན་གྱིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གྱི་གནས་སྟངས་དང་ ཕྱི་དངུལ་དང་ རུ་པི་གསོག་འཇོག་སྐོར་ལས་ བཤད་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ སྣུམ་འཁོར་ནང་འདྲེན་དང་ སྐྱིན་འགྲུལ་བཀག་ཆ་འབད་མི་དེ་ གཙོ་བོ་ར་ ཕྱི་དངུལ་མར་བབས་འགྱོ་མི་ལུ་བརྟེན་ཨིན་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྣུམ་འཁོར་ནང་འདྲེན་ མར་ཕབ་འབད་མི་གིས་ དངུལ་ཀྲམ་ཐེར་འབུམ་༥ དེ་ཅིག་ གསོག་འཇོག་འབད་ཚུགས་པས་ཟེར་ཨིན་པས།

རྒྱལ་ཁབ་ཀྱི་ དཔལ་འབྱོར་མང་ཤོས་ཅིག་ ནང་འདྲེན་ལུ་བརྟེན་ སྡོད་མི་ཅིག་འབདཝ་ལས་ སྐྱིན་འགྲུལ་བྱིན་པ་ཅིན་ ནང་འདྲེན་ཡར་སེང་འགྱོ་སྟེ་ ཕྱི་དངུལ་གསོག་འཇོག་ལུ་ འབྱེམ་ཕོག་ནི་ཨིནམ་བཞིན་དུ་ ལྷོ་ཨེ་ཤི་ཡཱན་རྒྱལ་ཁབ་ བང་ལ་དེཤ་དང་ ནི་པཱལ་ཚུ་གིས་ དེ་བཟུམ་མའི་ དཔལ་འབྱོར་གྱི་ ཐབས་ལམ་བཏོན་ནི་ འགོ་བཙུགས་ཏེ་ ཡོདཔ་ཨིན་པས།

ད་རེས་ནངས་པར་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ཚུ་ གྲ་སྒྲིག་ཡོད་མེད་ཀྱི་ ལྟ་སྐོར་ནང་སོང་མི་ བློན་ཆེན་གྱིས་ བཤད་མིའི་ནང་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ བཟོ་མི་དེ་གིས་ ཕུན་ཚོགས་གླིང་དེ་ གཞན་དང་མ་འདྲཝ་བའི་ཁྲོམ་ཅིག་ལུ་ བསྒྱུར་བཅོས་སོང་སྟེ་ ཞབས་ཏོག་ཚུ་ཡང་ གཞན་དང་མ་འདྲཝ་སྦེ་ བྱིན་དགོ་ཟེར་ཨིན་པས།

དེ་བཟུམ་མའི་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་དེ་ བསམ་རྩེ་དང་ དགེ་ལེགས་ཕུག་ དེ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ གཞི་བཙུགས་འབད་ནི་ཨིནམ་ད་ ཞལ་འཛོམས་སྐབས་ བློན་ཆེན་གྱིས་ རྒྱལ་ཁབ་ཀྱི་ སྐྱེ་ནུས་ཚད་གཞི་ བརྒྱ་ཆ་༡.༨ ལས་བརྒལ་མེདཔ་ད་ མི་རློབས་མར་ཕབ་དང་ འཕྲལ་ཁམས་ཅིག་ཁ་ལས་ འབྲུག་མི་ཚུ་ ཨཱསི་ཊེ་ལི་ཡ་ལུ་འགྱོ་མི་ ཡར་སེང་སོང་བའི་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཅི།

མ་གཞི་ གནད་དོན་དེ་ལུ་ གཞུང་གིས་ ཚ་གྱང་འབག་སྟེ་ཡོད་རུང་ ད་རེས་ཀྱི་ གནས་སྟངས་ནང་ ཨཱསི་ཊེ་ལི་ཡ་ལུ་ འགྱོ་དགོཔ་ད་ ཁོང་ཆ་ཁྱབ་ རྒྱལ་ཁབ་ནང་ དངུལ་བཏང་མི་དེ་གིས་ གསོག་འཇོག་མ་དངུལ་ལུ་ ལྷན་ཐབས་བྱུང་སྟེ་ཡོད་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ གཞུང་གིས་ འབྲུག་མི་ཚུ་ ཨཱསི་ཊེ་ལི་ཡ་ལུ་ གོ་སྐབས་ལེགས་ཤོམ་གྱི་དོན་ལུ་ འགྱོ་ནི་ལས་ བཀག་ཐབས་མི་འབད་ནི་ཨིནམ་ད་ རྒྱལ་ཁབ་ནང་འཁོད་ཀྱི་གནས་སྟངས་དང་ ལམ་ལུགས་ལེགས་ཤོམ་བཟོ་ནི་ ངེས་བརྟན་འབད་ནི་དེ་ གཞུང་གིས་ འགན་ཁུར་དང་ འགན་འཁྲི་ཨིན་ཟེར་ཨིན་པས།

ན་གཞོན་ཚུ་གིས་ རྒྱལ་ཁབ་ནང་འཁོད་ལུ་ གོ་སྐབས་ཡོདཔ་མཐོང་ནི་ལུ་ དུས་ཚོད་ཅིག་ འོང་ནི་ཨིན་པས།

མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ གནས་སྟངས་དང་ ཕུན་ཚོགས་གླིང་གི་ སྤྲོ་སྟོན་ཁང་ ཕྱགས་སྙིགས་འཛིན་སྐྱོང་ དེ་ལས་ ཀོ་བིཌ་-༡༩ ཐོན་པའི་སྐབས་ འགོ་དཔོན་དང་ མི་སེར་ཚུ་གིས་ ལྷན་ཐབས་དང་ རྒྱབ་སྐྱོར་འབད་ཚུ་གི་སྐོར་ལས་ཡང་ གྲོས་བསྟུན་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *