སྤྱི་ཟླ་༩ པའི་ཚེས་༢༤ ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཚོགས་འདུ་ཐེངས་༧༤ པའི་ནང་ ཡོངས་ཁྱབ་གསོ་བའི་ཁྱབ་ཚད་ཟེར་མིའི་ ཆེ་རིམ་གནས་ཚད་ཀྱི་ ཞལ་འཛོམས་ནང་ གསལ་བཤད་གནང་པའི་བསྒང་།

བློན་ཆེན་གྱིས་ འབྲུག་འདི་ གསོ་བའི་ཞབས་ཏོག་ཁྱབ་མི་ རྒྱལ་ཁབ་དང་པ་སྦེ་ བཟོ་ནིའི་ཁས་བླངས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ འབྲུག་རྒྱལ་ཁབ་འདི་ གསོ་བའི་ཁས་བླངས་དང་འབྲེལ་བའི་ ཁྱབ་ཚད་གྲུབ་ཚུགས་མི་ རྒྱལ་ཁབ་དང་པ་སྦེ་ འཐོན་འོང་ཟེར་ ནིའུ་ཡོཀ་ལུ་ ཆེ་རིམ་གནས་ཚད་ཀྱི་ སྲིད་འབྲེལ་གསོ་བའི་ཡོངས་ཁྱབ་ཞལ་འཛོམས་ནང་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ཞལ་འཛོམས་ཀྱི་ བརྗོད་དོན་དེ་ཡང་ འཕྲོད་བསྟེན་ཅན་གྱི་ འཛམ་གླིང་བཟོ་ནིའི་དོན་ལུ་ ཡོངས་ཁྱབ་གསོ་བའི་ཁྱབ་ཚད་ཟེར་མི་དེ་ནང་ རྒྱལ་ཁམས་ཀྱི་ དབུ་ཁྲིདཔ་དང་ གསོ་བའི་འགོ་ཁྲིདཔ་ དེ་ལས་ གཞན་ཡང་ སྲིད་བྱུས་རྩམ་མི་དང་ གསོ་བའི་དོན་ལུ་ གོ་བརྡ་སྤྲོད་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

ཞལ་འཛོམས་ཀྱི་ དམིགས་དོན་ངོ་མ་དེ་ མ་དངུལ་གྱི་ གདོང་ལེན་འབྱུང་མ་བཅུག་པར་ གསོ་བའི་ཞབས་ཏོག་ཚུ་ འཐོབ་ཚུགསཔ་བཟོ་ནིའི་དམིགས་དོན་ཨིནམ་ད་ དེ་གི་དོན་ལུ་ སྲིད་ཀྱི་ཁས་བླངས་ཐོག་ལས་ རྒྱལ་ཁབ་ནང་ གསོ་བའི་མ་རྩ་གཞི་བཙུགས་འབད་མི་དང་ མ་དངུལ་གྱི་གྲོགས་རམ་ཚུ་ འཚོལ་ནི་དེ་ཨིན་པས།

བློན་ཆེན་གྱིས་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་གི་གོ་སྐབས་ཐོབ་ད་ གཞུང་གི་གསོ་བའི་ལས་སྡེ་ནང་ བསྒྱུར་བཅོས་འབད་ནིའི་ ཁས་བླངས་འབད་ཡོད་མི་དེ་ ཡང་བསྐྱར་གསལ་བཀོད་འབད་ནུག།

ང་བཅས་ཀྱི་ འགོ་ཁྲིདཔ་ཚུ་གིས་ ཡུན་བརྟན་བཞག་དགོ་པ་ཅིན་ གསོ་བའི་འཕྲོད་བསྟེན་དང་ ཤེས་རིག་ནང་ མ་རྩ་མ་བཙུགས་པ་ཅིན་ ཡུན་བརྟན་བཞག་མི་ཚུགས་ཟེར་ བློན་ཆེན་གྱིས་གསུངས་ཡོདཔ་ད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དེ་གིས་ཡང་ རྒྱལ་ཁབ་ནང་ ཚེ་རབས་ལས་བཅད་དེ་ སྤུས་ཚད་ཅན་གྱི་ གསོ་བའི་ཞབས་ཏོག་ ག་ར་གིས་ འཐོབ་ཚུགསཔ་བཟོ་ནི་དེ་ཨིན་ཟེར་ གསུངས་ནུག།

བློན་ཆེན་གྱིས་ གནད་དོན་དེ་ རྩ་ཁྲིམས་ཆེན་མོའི་ནང་ཡང་ ཚུད་དེ་ཡོད་པའི་ཁར་ དེ་ནང་མ་ཚུད་མི་ཚུ་ལུ་ གཞུང་གིས་ ཕྱིའི་རྒྱལ་ཁབ་ནང་ སྨན་བཅོས་དོན་ལུ་ ཟད་འགྲོ་གཏང་དགོ་པ་ཅིན་ གཞུང་གིས་ བཏང་བཞིན་དུ་ཡོད་ཟེར་ གསུངས་ཡོདཔ་ཨིན་པས།

ཨིན་རུང་ བློན་ཆེན་གྱིས་ འབྲུག་བཟུམ་མའི་ རྒྱལ་ཁབ་སྤྱང་ཀ་ལུ་ རིན་མེད་སྟོང་པར་སྦེ་ སྤུས་ཚན་ཅན་དང་ ཡུན་བརྟན་གྱི་ གསོ་བའི་ཞབས་ཏོག་སྤྲོད་ནི་ལུ་ གདོང་ལེན་ཚུ་ བྱུང་སྟེ་ཡོད་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་ མི་ཚུ་གཞིས་ཆགས་ས་དེ་ ཁ་སྟོར་ཏེ་ཡོདཔ་ལས་ གསོ་བའི་མཐུན་རྐྱེན་ཚུ་ དུས་ཚོད་ཁར་ ལྷོད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ ཟད་འགྲོ་ལྕི་བས་ཟེར་གསུངས་ནུག།

རྒྱལ་ཁབ་ནང་ འབུ་ནི་མེད་པའི་ནད་གཞི་ཐོབ་མི་དང་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ ནད་གཞི་ཐོན་མི་ དེ་ལས་ གཞན་ཡང་ རྒྱལ་སྤྱིའི་མི་ཚུ་ འོང་མི་དང་གཅིག་ཁར་ ནད་གཞི་དར་ཁྱབ་འགྱོ་བའི་དཀའ་ངལ་ཚུ་ འཕྲོ་མཐུད་དེ་ར་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས།

བློན་ཆེན་གྱིས་ རྒྱལ་སྤྱིའི་མི་སྡེ་དང་ གོང་འཕེལ་འགྱོ་མི་མཉམ་འབྲེལ་རྒྱལ་ཁབ་ཚུ་ལས་ རྒྱལ་ཁབ་ནང་ སྤུས་ཚད་ཅན་དང་ ཡུན་བརྟན་ཅན་གྱི་ གསོ་བའི་ཞབས་ཏོག་ཚུ་ སྤྲོད་ནིའི་དོན་ལུ་ རྒྱབ་སྐྱོར་དགོ་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།

ཁྱོད་ཀྱིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ ང་གིས་ འབྲུག་རྒྱལ་ཁབ་འདི་ ཁས་བླངས་འབད་མི་ཚུ་ག་ར་ འགྲུབ་ཚུགས་མི་ རྒྱལ་ཁབ་དང་པ་སྦེ་ བཟོ་ཚུགས་པའི་ཁར་ མི་ཚུ་ལུ་ གསོ་བའི་ཞབས་ཏོག་དྲག་ཤོས་ བྱིན་ནི་ཨིན་ཟེར་བའི་ ཁས་བླངས་འབད་ཡོདཔ་ཨིན་པས།

འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེན་ཊོ་ནིའི གུ་ཊར་རིསི་གིས་ གསལ་བཤད་འབད་བའི་སྐབས་ འཐུས་མི་རྒྱལ་ཁབ་ཚུ་གིས་ དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ སྤྱི་ལོ་༢༠༣༠ ལས་ རྒྱལ་སྤྱི་གསོ་བའི་ཁྱབ་ཚད་ཀྱི་དོན་ལུ་ ད་རེས་ མོས་མཐུན་བྱུང་མི་དེ་ རྒྱལ་སྤྱི་གསོ་བའི་དོན་ལུ་ མཐར་འཁྱོལ་ཅན་ཅིག་ཨིན་ཟེར་ ཨིན་པས།

གྲུབ་འབྲས་དེ་ སྦོམ་ཤོས་ཅིག་ཨིནམ་ལས་ ད་ལས་ཕར་ ལོ་ངོ་བཅུ་ཕྲག་གི་རིང་ འབུ་མི་ནད་གཞི་ཨེཆ་ཨའེ་བི་དང་ བད་ཀན་ དེ་ལས་ ཚད་ནད་ལ་སོགས་པ་ཚུ་ལུ་ ཕན་ཐོགས་ཚུགས་པའི་ཁར་ འབུ་ནི་མེད་པའི་ནད་གཞི་དང་ གཞན་ནད་གཞི་ཚུ་ལུ་ ཕན་ཐོགས་ཚུགས་ཟེར་ཨིན་པས།

རྒྱལ་ཁབ་མང་ཤོས་ཀྱིས་ སྤྱི་ལོ་༢༠༣༠ ལས་ ག་ར་ལུ་ གསོ་བའི་ཞབས་ཏོག་སྤྲོད་ཚུགསཔ་འབད་ནིའི་ ལཱ་ཚུ་འབད་དོ་ཡོད་རུང་ ཡོངས་ཁྱབ་དྲུང་ཆེན་གྱིས་ རྒྱལ་ཁབ་གཞན་ཚུ་གིས་ མི་སྡེ་དང་མི་ངོ་ཚུ་གིས་ གསོ་བའི་ཞབས་ཏོག་ཚུ་ འཐོབ་ཚུགསཔ་བཟོ་ནི་ལུ་ བརྩོན་ཤུགས་བཏོན་དགོ་ཟེར་ བཤད་ཡོདཔ་ཨིན་པས།

ང་བཅས་ག་ར་གིས་ གསོ་བའི་དོན་ལུ་ མ་དངུལ་གཏང་ཐངས་ བསྒྱུར་བཅོས་འབད་དེ་ གསོ་བའི་ལས་སྡེ་ནང་ མ་རྩ་གཞི་བཙུགས་འབད་ནི་དེ་ ཡར་སེང་འབད་དགོཔ་འདུག་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *