བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་ ཕྱགས་སྙིགས་བསྡུ་བསྒྱོམ་ནང་ གྲལ་གཏོགས་གནང་པའི་བསྒང་།

བློན་ཆེན་གྱིས་ འགོ་ཁྲིད་ཐོག་ལས་ ཕྱགས་སྙིགས་མེད་པའི་ཆུ་ཚོད་ བརྩི་སྲུང་འབད་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༢ ལུ་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་ ཕྱགས་སྙིགས་མེད་པའི་ཆུ་ཚོད་ བརྩི་སྲུང་འབད་ནིའི་དོན་ལུ་ མི་གྲངས་༡༥༠ ལྷགཔ་ཅིག་གིས་ རྒྱལ་ས་ལུ་ དུས་ཡུན་ཆུ་ཚོད་ཅིག་གི་རིང་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་ཡི།
བློན་ཆེན་གྱིས་ འགོ་ཁྲིད་ཐོག་ལས་ བློན་པོའི་ལྷན་རྒྱས་དང་ འགོ་དཔོན་ དེ་ལས་ ཁས་བླངས་པ་ཚུ་གིས་ མུ་ཏིག་ཐང་ལུ་ཡོད་པའི་ རྒྱལ་གཞུང་འབྲོང་གྱིམ་ཙེ་ ཉམས་སྲུང་ས་ཁོངས་དང་ ཕ་ཇོ་སྡིངས་ལུ་འགྱོ་སའི་ འཁོར་ལམ་བདའ་སྟེ་ ཕྱགས་སྙིགས་མེ་ཊིག་ཊཱོན་༦ དེ་ཅིག་ བསྡུ་བསྒྱོམ་འབད་ནུག།
ཕྱགས་སྙིགས་ཚུ་ མང་ཤོས་ར་ ཆུ་ཤོག་དང་ གྱིབ་ཀྱི་དམ་སྦྱིས་ གོ་ལ་ར་རྡུག་ཚུ་མཐོང་ཡོདཔ་ད་ གཞན་ཡང་ དམ་སྦྱིས་དང་ གོ་ལ་ དེ་ལས་ ལྷམ་ཚུ་ཡང་ ཡོདཔ་ཨིན་པས།
ངེ་གི་ཕྱགས་སྙིགས་ ངེ་གི་འགན་ཁུར་ཟེར་མི་ དུས་ཚོད་ཐུང་ཀུ་ཅིག་ནང་ ཕྱགས་སྙིགས་མེདཔ་བཟོ་ནི་ཟེར་མི་དེ་ མི་དབང་རྒྱལ་བཙུན་མཆོག་གིས་ འདས་པའི་ཟླཝ་ནང་ གསར་གཏོད་གནང་ཡོདཔ་ད་ དེ་ཡང་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བའི་ བྱ་སྤྱོད་བསྒྱུར་བཅོས་འབད་ནི་དང་ ཡུན་བརྟན་ཐོག་ལས་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ཨིན་པས།
དེ་མ་ཚད་ ཁྲིམས་འགལ་ཐོག་ལས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་མི་དང་ རང་གི་ཕྱགས་སྙིགས་དེ་ རང་གིས་བདག་འཛིན་འཐབ་ནིའི་ འགན་ཁུར་འབག་ཐབས་ལུ་ཨིནམ་ད་ གཞན་ཡང་ མཐའ་འཁོར་ཧིང་སངས་ས་བཞག་ཐབས་ལུ་ དམིགས་ཏེ་ཨིན་པས།
ད་ལས་ཕར་ ཟླ་རིམ་བཞིན་དུ་ ཉིནམ་༢ པའི་ནང་ དུས་ཡུན་ཆུ་ཚོད་༡ ཕྱགས་སྙིགས་འཐུ་ནིའི་ལས་རིམ་དེ་ གཙུག་སྡེ་དང་ ཡིག་ཚང་ཚུ་གིས་ བརྩི་སྲུང་འབད་ནི་ཨིནམ་ད་ དེ་ཡང་ མཐའ་འཁོར་ལྷན་ཚོགས་ཀྱིས་ འགོ་འདྲེན་ཐོག་ སྤྱི་ལོ་༢༠༣༠ ལུ་ འབྲུག་རྒྱལ་ཁབ་ནང་ ཕྱགས་སྙིགས་མེདཔ་བཟོ་ནིའི་ དམིགས་ཡུལ་འགྲུབ་ཐབས་ལུ་ཨིན་པས།
ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ རྒྱལ་མཚན་འབྲུག་པ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ཕྱགས་སྙིགས་བསྡུ་བསྒྱོམ་ལས་རིམ་དེ་ ལེགས་ཤོམ་ཅིག་ཨིནམ་ལས་ ཁོ་དང་ཁོ་རའི་ཆ་རོགས་ཚུ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་གྱི་ལས་རིམ་ནང་ བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་བསྐྱེད་ཡི་ཟེར་ཨིན་པས།
ལྕང་ཇི་ཇི་ན་གཞོན་ལྟེ་བའི་འཛིན་སྐྱོང་པ་ ཀུན་ལེགས་ཕུརཔ་གིས་ ཁས་བླངས་པ་ན་གཞོན་༣༠ དེ་ཅིག་ ཁྱིད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ རང་བཞིན་གནས་སྟངས་བདག་འཛིན་དང་ ཕྱགས་སྙིགས་འཛིན་སྐྱོང་འབད་དགོ་པའི་སྐོར་ལས་ ཤེས་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
འཛིན་སྐྱོང་པ་དང་འཁྲིལ་བ་ཅིན་ ན་གཞོན་ཚུ་གི་སེམས་ཁར་ ཕྱགས་སྙིགས་ག་ལྷོད་བཀོག་མི་དེ་ ཤུགས་ཆེ་སུ་སྦེ་འདུག་ཟེར་ཨིནམ་ད་ ན་གཞོན་ཚུ་གིས་ རང་སོའི་ཕྱགས་སྙིགས་དེ་ རང་གི་འགན་ཁུར་ཨིན་ཟེར་ སེམས་ཁར་བཞག་དགོཔ་འདུག་ཟེར་ཨིན་པས།
ཁས་བླངས་པ་ཚུ་གིས་ སླབ་མིའི་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་གྱི་ལས་རིམ་ནང་ བཅའ་མར་གཏོགས་མི་དེ་གིས་ མཐའ་འཁོར་ཧིང་སངས་ས་བཞག་ནི་ལུ་ ལྷན་ཐབས་འབད་བའི་ཁར་ ཕྱགས་སྙིགས་ག་ལྷོད་བཀོག་ནི་དེ་ ཁྲིམས་འགལ་ཨིན་ཟེར་ གོ་བརྡ་སྤེལ་ནི་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།
དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་ད་ ལྷན་ཁག་དང་ རྫོང་ཁག་ ཁྲོམ་སྡེ་དང་ འབྲེལ་ཡོད་ལས་ཁུངས་དང་ལས་སྡེ་ དེ་ལས་ མི་སྡེ་ནང་ ལས་རིམ་འགོ་འདྲེན་པ་རེ་ ངོས་འཛིན་འབད་ནི་ཨིནམ་ད་ འགོ་འདྲེན་པ་གིས་ ལས་རིམ་འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ གནས་སྡུད་ཚུ་ བསྡུ་ལེན་འབད་ནིའི་དོན་ལུ་ཨིན་པས།
ལོ་བསྟར་བཞིན་དུ་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བ་ཡོད་པའི་ གཙུག་སྡེ་གིས་ ལས་རིམ་དེ་ ལྟ་རྟོག་དང་ དབྱེ་ཞིབ་འབད་དེ་ མི་དབང་རྒྱལ་པོའི་ དྲུང་ཆེན་ཡིག་ཚང་ནང་ལུ་ སྙན་ཞུ་འབད་ནི་ཨིན་པས།
ད་ལས་ཕར་ ཕྱགས་སྙིགས་མེདཔ་བཟོ་ནིའི་ལས་རིམ་དེ་ ཡིག་ཚང་གི་དུས་ཚོད་ཁར་ འགོ་འདྲེན་འཐབ་ནི་ཨིནམ་མ་ཚད་ ཡིག་ཚང་དང་གཙུག་སྡེ་ ལས་ཁུངས་དང་འདུས་ཚོགས་ཀྱིས་ རང་སོའི་ཡིག་ཚང་གི་ མཐའ་འཁོར་ཧིང་སངས་ས་ བཞག་དགོ་པའི་ འགན་དབང་སྤྲོད་ཡོད་པའི་གནས་ཚུལ།
སྐད་སྒྱུར་ གནས་བརྟན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *