བློན་ཆེན་གྱིས་ མནོ་བསམ་བརྒྱ་ཆེཝ་སྦེ་ གཏང་དགོཔ་སྦེ་གསུངས་ཡོདཔ།

༉ རྒྱལ་ཁབ་ནང་ འཁོར་ལམ་ཚུ་ སྒྲིང་སྒྲི་དང་ སྔོ་ལྗངས་དང་ལྡན་པའི་ཁར་ སྤུས་ཚད་ཅན་གྱི་ གཞི་རྟེན་མཐུན་རྐྱེན་བཟོ་ཐབས་ལུ་ ཞབས་ཏོག་ལྷན་ཁག་ལུ་ ཐབས་ཤེས་སྣ་ཚོགས་བཏོན་ནི་གི་ སེམས་ཤུགས་དང་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ ལས་འབྲེལ་ཚུ་ སྲིད་བྱུས་དང་ རིམ་སྒྲིག་འབད་དགོཔ་སྦེ་ གསུངས་ཡི།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཞབས་ཏོག་ལྷན་ཁག་གི་ ལས་འབྲེལ་བསྐྱར་ཞིབ་སྐབས་ གསུངས་མིའི་ནང་ ཐབས་ཤེས་གསརཔ་བཏོན་ནིའི་དོན་ལུ་ མནོ་བསམ་རྒྱ་ཆེ་དྲགས་སྦེ་ གཏང་དགོ་པའི་ཁར་ ལས་སྣ་ཚུ་ ལག་ལེན་འཐབ་ད་ འཆར་གཞི་༡༢ པའི་ནང་འཁོད་ལུ་ ལཱ་འབད་དགོ་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ལྷན་ཁག་དང་ མཚན་རྟགས་བཀོད་མི་དེ་ ཐབས་ཏོག་ལྷན་ཁག་དང་ ལས་ཁུངས་ཀྱི་ དམིགས་གཏད་ཚུ་ འགྲུབ་ཐབས་ལུ་ གཞི་རྟེན་དང་ འཆར་གཞིའི་ཡིག་ཆའི་གཙོ་རིམ་ དེ་ལས་ སྲིད་བྱུས་ཚུ་ ཡར་དྲག་གཏང་དགོ་ཟེར་ཨིན་པས།
ཞབས་ཏོག་ལྷན་ཁག་གིས་ རྩིས་ལོ་༢༠༡༩-༢༠ ནང་ དམིགས་གཏད་༤ དང་ གྲུབ་འབྲས་བརྡ་སྟོན་༢༤ ངོས་འཛིན་འབད་ཡོདཔ་ད་ དམིགས་གཏད་ཚུ་ གསལ་ཞུ་ཕུལ་བའི་སྐབས་ ལྷན་ཁག་གི་དྲུང་ཆེན་ བཙན་སྐྱོགས་རྡོ་རྗེ་གིས་ ཞུ་མིའི་ནང་ ལྷན་ཁག་གི་ དམིགས་གཏད་དང་པ་དེ་ འཁོར་ལམ་ཚུ་ ལེགས་བཅོས་འབད་ནི་དེ་ཨིནམ་བཞིན་དུ་ འཁོར་ལམ་ཚུ་ གནམ་གཤིས་གནས་སྟངས་ལས་ བཀག་ཚུགསཔ་བཟོ་ནི་དང་ རྒྱལ་ཡོངས་གཞུང་ལམ་དང་ བཟོ་གྲྭ་འཕྲུལ་ཁང་གི་ འཁོལ་ལམ་ཚུ་གིས་ ལྗིད་ཚད་འབག་ཚུགས་བཟོ་ནི་དང་ ལྗིད་ཚད་འབག་ཚུགས་པའི་ ཟམ་རྐྱབ་ནི་ཚུ་ཡོད་ཟེར་ཨིན་པས།
ཨིན་རུང་ བློན་ཆེན་གྱིས་འབད་བ་ཅིན་ ལས་སྣ་དང་ གྲུབ་འབྲས་བརྡ་སྟོན་ནང་ ད་ལྟོའི་འཁོར་ལམ་ག་ར་ གནམ་གཤིས་ལས་ བཀག་ཚུགས་པའི་ འོས་འབབ་མ་མཐོངམ་ལས་ བརྡ་སྟོན་ཚུ་ ད་རུང་ བསྐྱར་ཞིབ་འབད་དགོཔ་ བཟུམ་འདུག་ཟེར་ཨིན་པས།
དམིགས་གཏད་༢ པའི་ནང་ བཟོ་སྐྲུན་ཡར་དྲག་གཏང་ནིའི་ཐད་ལུ་ བློན་ཆེན་གྱིས་ གསུངས་མིའི་ནང་ དམིགས་གཏད་ནང་ ཐོ་བཀོད་འབད་མི་དེ་ སྤྱིར་བཏང་བཟོ་སྐྲུན་གྱི་དོན་ལུ་ཨིནམ་ལས་ ཡར་དྲག་གཏང་ནི་གི་ ཆ་ཤས་ཚུ་ མ་མཐོང་ཟེར་ཨིན་པས།
གལ་སྲིད་ ལས་སྣའི་ཡན་ལག་ཚུ་ནང་ འཕྲུལ་ཆས་ཀྱིས་ ནག་རྫས་མེདཔ་བཟོ་ནིའི་ལྷན་ཐབས་ ག་དེ་འབད་ནི་ཨིན་ན་དང་ བཟོ་སྐྲུན་གྱི་ ཆ་ཤས་ལོག་ལག་ལེན་འཐབ་ནིའི་དོན་ལས་ བཟོ་སྐྲུན་ཡར་དྲག་གཏང་ནི་ལུ་ རིམ་སྒྲིག་འབད་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
དེ་མ་ཚད་ སྤུས་ཚད་ཀྱི་གཞི་རྟེན་དང་ ནུས་ཤུགས་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་ཚུ་ཡང་ ལས་སྣ་ཚུ་ནང་ བཙུགས་དགོཔ་བཞིན་དུ་ ལྷན་ཁག་གིས་ གལ་སྲིད་ དེ་བཟུམ་མའི་ འཆར་སྣང་ཚུ་ བཙུགས་པ་ཅིན་ ལོ་བསྟར་བཞིན་དུ་ གྲུབ་འབྲས་བཏོན་ཚུགས་ཟེར་གསུངས་ཡི།
དམིགས་གཏད་གཞན་གཅིགཔོ་དེ་ གཞིས་ཆགས་ཡུན་བརྟན་དང་ དམིགས་བསལ་གྱི་ འཐུང་ཆུའི་ལས་རིམ་ཚུ་ འགྲུབ་ནི་དེ་ཨིནམ་ད་ གནད་དོན་དེ་ལུ་ བློན་ཆེན་གྱིས་ ལྷན་ཁག་ལུ་ དྲན་གསོ་གནང་མིའི་ནང་ གཞི་རྟེན་སྒྲིང་སྒྲི་དང་ སྤུས་ཚད་ཅན་བཟོ་བའི་སྐབས་ རང་ལུགས་ཀྱི་ གཞི་བཀོད་ཚུ་ཡང་ ཉམས་སྲུང་འབད་ནི་ལུ་ མནོ་བསམ་གཏང་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མགར་ས་རྫོང་ཁག་ ལ་ཡ་བཟུམ་ཅིག་ནང་ ད་རེས་ གཞི་རྟེན་བཟོ་བཀོད་ཚུ་ བསྒྱུར་བཅོས་སོང་སྟེ་ཡོདཔ་མ་ཚད་ རང་ལུགས་ཀྱི་ བཟོ་བཀོད་དང་ རིས་མོ་ཚུ་ ཡལ་ཉམས་སོང་པའི་ཁར་ དང་ཕུ་ལས་ ཉམས་སྲུང་འབད་མི་ ཚ་དྲོད་དང་ལྡནམ་སྦེ་ བཞག་ཐབས་ལུ་ ཁྱིམ་གྱི་སྒོ་སྒྲིག་ཆུང་ཀུ་དང་ བར་བཅད་རྐྱབ་མི་ཚུ་ཡང་ ཉམས་སོ་ནུག་ཟེར་ཨིན་པས།
རང་ལུགས་ཀྱི་ གཞི་རྟེན་ཚུ་ ཉམས་སྲུང་འབད་ནི་གི་ ལས་སྣ་ཚུ་ནང་ བཙུགས་དགོ་ཟེར་ཨིནམ་ད་ དཔེ་བཟུམ་ཅིག་སྦེ་ བློན་ཆེན་གྱིས་ གསུངས་མིའི་ནང་ ལ་ཡ་གི་ གཞན་དང་མ་འདྲ་བའི་ གཞི་རྟེན་ཚུ་ ཉམས་སྲུང་འབད་ནི་ཚུ་ བཙུགས་དགོ་ཟེར་ཨིན་པས།
དེ་མ་ཚད་ ས་ཡོམ་ལས་ བཀག་ཚུགས་པའི་ གཞི་རྟེན་ཚུ་ བཟོ་ནི་ལུ་ཡང་ ལྷན་ཁག་གིས་ རླུང་མ་འཕུ་ཚད་དང་ ལུང་ཕྱོགས་ནང་ རླུང་འཚུབས་ཚུ་ བརྟག་ཞིབ་འབད་དེ་ ཁྱིམ་ཐོག་སྒྲིང་སྒྲི་བཟོ་མི་དེ་གིས་ གྲོང་གསེབ་མི་ཚུ་ལུ་ ལྷན་ཐབས་འབད་ཚུགས་ཟེར་གསུངས་ཡི།
བློན་ཆེན་གྱིས་ ལྷན་ཁག་ལུ་ དུས་རྒྱུན་འཁོར་ལམ་ གཞི་བཙུགས་དང་ ལྟ་རྟོག་འབད་ནི་གི་ ཐབས་ཤེས་ཚུ་ བཏོན་དགོ་པའི་ཁར་ རྒྱལ་ཁབ་ཀྱི་ འཛུལ་སྒོ་ག་ར་དང་ མཐུད་སྦྲེལ་འབད་ནི་གི་ སྒོ་ར་ཚུ་ཡང་ རྐྱབ་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *