བློན་ཆེན་གྱིས་ ཐིམ་ཁྲོམ་གྱི་ གཞུང་སྐྱོང་མཆོག་འགྱུར་ བསྐྱར་བཟོའི་བཀའ་རྒྱ།

༉ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ ཐིམ་ཕུག་ཁྲོམ་སྡེ་ལུ་ གཞུང་སྐྱོང་མཆོག་འགྱུར་གྱི་ ལས་འབྲེལ་ཆིངས་ཡིག་གི་ ལས་སྣ་ཚུ་ བསྐྱར་བཟོ་འབད་དགོ་པའི་ བཀའ་རྒྱ་གནང་ཡི།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ ཁྲོམ་སྡེའི་ལོ་བསྟར་ལས་འབྲེལ་གྱི་ བསྐྱར་ཞིབ་ཞལ་འཛོམས་ འཚོགས་པའི་སྐབས་ ཁྲོམ་སྡེ་གིས་ འཆར་གཞི་༡༢ པའི་ ལས་སྣ་དང་ རྩིས་ལོ་༢༠༡༩-༢༠ གི་ལས་རིམ་ དེ་ལས་ གྲུབ་འབྲས་བརྡ་སྟོན་ཚུ་ གསལ་ཞུ་ཕུལ་བའི་སྐབས་ བློན་ཆེན་གྱིས་ ལས་སྡེ་གཞན་ཚུ་ནང་ མཇལ་ཕྲད་སྐབས་ གསུངས་དོ་བཟུམ་ དམིགས་ཡུལ་དང་ གཙོ་རིམ་ ལས་སྣ་ཚུ་ བསྐྱར་བཟོ་ཐོག་ ལཱ་འབད་དགོཔ་སྦེ་གསུངས་ཡི།
ཁྲོམ་སྡེའི་འཆར་གཞི་འགོ་དཔོན་ ཀརྨ་རྡོ་རྗེ་གིས་ འཆར་གཞི་༡༢ པའི་དོན་ལུ་ འཆར་དངུལ་ཐེར་འབུམ་༤.༦༠ ཡོད་མི་ལས་ རྩིས་ལོ་༢༠༡༩-༢༠ ལུ་ མ་དངུལ་ས་ཡ་༤༡༧.༠༡༥ བགོ་བཀྲམ་འབད་མིའི་ཐོག་ལས་ ཁྲོམ་ནང་ཟམ་༣ རྐྱབ་ནི་དང་ ཕྱགས་སྙིགས་འཛིན་སྐྱོང་ འཐུང་ཆུ་བཀྲམ་སྤེལ་འབད་ནི་ དེ་ལས་ ཁྲོམ་སྡེའི་དམིགས་གཏད་༨ ཀྱི་སྐོར་ལས་ གསལ་ཞུ་ཕུལ་ཡི།

བློན་ཆེན་དང་ ཁྲོམ་དཔོན་གྱི་བར་ན་ གཞུང་སྐྱོང་མཆོག་འགྱུར་གྱི་ ལས་འབྲེལ་ཆིངས་ཡིག་གུ་ སོ་སོ་སྦེ་ར་ མཚན་རྟགས་བཀོད་ནི་ཨིན་པས།
ཁྲོམ་སྡེ་ལུ་ དམིགས་ཡུལ་འགྲུབ་དགོ་པའི་ ལས་དོན་ལེ་ཤ་བཟོ་མི་དེ་ ལེགས་ཤོམ་ཅིག་ཨིན་རུང་ འདས་པའི་གཞུང་གི་ རྟ་དྲངས་ཏེ་ བཟོ་ཡོདཔ་ལས་ དམིགས་གཏད་དེ་ཅིག་དགོཔ་མིན་འདུག་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ ཁྲོམ་སྡེའི་གྲུབ་འབྲས་སྙན་ཞུ་ལུ་ བལྟ་བ་ཅིན་ རེ་བ་ལྷག་སྟེ་ གྲུབ་འབྲས་ཐོན་ཡོད་རུང་ ན་འཐན་སྦེ་ བརྟག་ཞིབ་འབད་བ་ཅིན་ ད་རེས་ ལས་སྣ་དེ་ཚུ་གི་ དཀའ་ངལ་འཕྲོ་མཐུད་ ཐོན་དགོཔ་ཅིག་མིན་འདུག་ཟེར་གསུངས་ཡི།
བློན་ཆེན་གྱིས་ གསུང་མིའི་ནང་ ལོ་བསྟར་ལས་འབྲེལ་ཆིངས་ཡིག་དེ་ ཁྲོམ་དཔོན་དང་ མཚན་རྟགས་བཀོད་ནི་དང་ ཁྲོམ་དཔོན་གྱིས་ ཡིག་ཚང་གི་ བཀོད་ཁྱབ་འགོ་དཔོན་ཚུ་དང་ ལོགས་སུ་སྦེ་ ཆིངས་ཡིག་གུ་ མིང་རྟགས་བཀོད་དགོ་ཟེར་ཨིན་པས།
བློན་ཆེན་གྱིས་ ཁྲོམ་དཔོན་དང་ཅིག་ཁར་ གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་གུ་ མཚན་རྟགས་དེ་ གནད་དོན་༥ དང་༧ གྱི་བར་ན་ ཞིབ་དཔྱད་མཐིལ་ཕྱིན་འབད་ཞིནམ་ལས་ བཀོད་གནང་ནི་ཨིན་པས།
དེ་ཡང་ རྩིས་ལོ་༡ གི་དོན་ལུ་ ཁྲོམ་དཔོན་དང་ བློན་ཆེན་གྱི་བར་ན་ ལོ་བསྟར་ལས་འབྲེལ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་དགོཔ་ཟེར་རུང་ དམིགས་དོན་ཚུ་ལས་ དཔྱེ་འབད་བ་ཅིན་ ཐིམ་ཕུག་ཁྲོམ་ཁར་སྡོད་མི་ མི་སེར་ག་ར་ལུ་ འཐུང་ཆུ་ཉིན་ནུབ་མེད་པར་ དུས་རྒྱུན་དུ་ བཀྲམ་སྤེལ་འབད་ནི་དང་ ལས་དོན་༢ པ་ རུལ་བཏུབ་དང་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཕྱི་སེལ་རྐྱབ་སྟེ་ བསྡུ་བསྒྱོམ་བརྒྱ་ཆ་ཧྲིལ་བུ་ འབད་ཚུགསཔ་བཟོ་ནི་དེ་ཨིན་ཟེར་གསུངས་ཡི།
དེ་བཟུམ་སྦེ་ ལས་དོན་༣ པ་ ཁྲོམ་སྡེ་ནང་གི་ འཁོར་ལམ་ཚུ་ སྤུས་ཚད་དང་ལྡན་པའི་ཁར་ ཧ་ཀ་ཧོ་ཀ་རྩ་ལས་མེདཔ་བཟོ་ནི་ ལས་དོན་༤ པ་ ཁྲོམ་ནང་ ཉེན་སྲུང་དང་ལྡནམ་བཟོ་ནི་ དེ་ལས་ ལས་དོན་༥ པ་ བཙོག་ཆུའི་དཀའ་ངལ་བརྒྱ་ཆ་ཧྲིལ་བུ་སེལ་ཚུགསཔ་འབད་ནི་ཨིན་པ་ཅིན་ ཁྲོམ་དཔོན་དང་ ལས་འབྲེལ་ཆིངས་ཡིག་གུ་ མཚན་ རྟགས་བཀོད་ནི་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ ཞུ་མིའི་ནང་ ལས་སྣ་དེ་ཚུ་ ཧེ་མ་ལས་ འཆར་གཞིའི་ལས་རིམ་ནང་ ཚུད་ཡོདཔ་བཞིན་དུ་ ལཱ་ཚུ་ཡང་ བགོ་བཀྲམ་འབད་ཆོག་ཆོ་ཡོདཔ་ལས་ ལས་དོན་༥ ལས་༧ གྱི་བར་ན་ རྩིས་ལོ་༢༠༡༩-༢༠ ནང་ གྲུབ་འབྲས་བཏོན་ཚུགས་ཟེར་ཨིན་པས།
བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་འབད་བ་ཅིན་ ཁྲོམ་དཔོན་གྱིས་ ཁ་བཟེད་ཡོདཔ་ལས་ བློན་ཆེན་ཡིག་ཚང་དང་ ཁྲོམ་དཔོན་ཡིག་ཚང་༢ ལོག་སྟེ་ར་ འཛོམས་ཞིནམ་ལས་ གྲོས་བསྟུན་ཐོག་ ལོ་བསྟར་ལས་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་ཟེར་ཨིན་པས།
ད་རེས་ནངས་པར་ བློན་ཆེན་གྱིས་ ལྷན་ཁག་དང་ མི་སྡེ་ལས་ཚོགས་ཚུ་དང་ མཇལ་ཕྲད་ཐོག་ གཞུང་སྐྱོང་མཆོག་འགྱུར་ཆིངས་ཡིག་གུ་ གསུང་གྲོས་གནང་སྟེ་ ཡར་བསྐྱར་སྦེ་ འཆར་གཞི་དང་ ལས་སྣ་ཚུ་ལུ་ ཕྱག་ལཱ་གནང་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བགོ་བཤའ་ཚུ་ལུ་ ཚད་ལས་བརྒལ་བའི་ རིན་བསྡུར་འབད་མི་ཐོན་ཡོདཔ།

༉ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གིས་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བགོ་བཤའ་ཚུ་ བཙོང་པའི་སྐབས་ རིན་བསྡུར་འབད་མི་ ཚད་ལས་བརྒལ་ཏེ་ ཐོན་ཡོདཔ་ཨིན་པས། རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གི་ བཀོད་ཁྱབ་གཙོ་འཛིན་ རྡོ་རྗེ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ བགོ་བཤའ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *