སྤྱི་ཟླ་༧ པའི་ཚེས་༢༩ ལུ་ གསོ་བ་ལྷན་ཁག་གིས་ ལོ་བསྟར་ལས་འབྲེལ་གྱི་ བརྡ་སྟོན་༢༠༠ ལྷགཔ་ཅིག་ བསྐྱར་ཞིབ་འབད་ནུག།

བློན་ཆེན་གྱིས་ གསོ་བའི་ལས་འབྲེལ་བརྡ་སྟོན་ཚུ་ལུ་ དཔྱད་ཞིབ་གནང་ཡོདཔ།

༉ གསོ་བ་ལྷན་ཁག་གི་ ལོ་བསྟར་ལས་འབྲེལ་བསྐྱར་ཞིབ་འབད་བའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ གྲུབ་འབྲས་ཅན་གྱི་ ལས་འབྲེལ་ཆིངས་ཡིག་དེ་ ལྷན་ཁག་གིས་ གྲུབ་འབྲས་བཏོན་ནི་གི་ དམིགས་གཏད་བསྐྱེད་མི་དང་འཁྲིལ་ཏེ་ མིན་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ལོ་བསྟར་ལས་འབྲེལ་གྱི་ཐད་ལུ་ མཉམ་འབྲེལ་ཡར་དྲག་གཏང༌དགོཔ་ ཁག་ཆེ་བའི་ཁར་ ད་རེས་ འཆར་དངུལ་ཆ་འཇོག་དེ་ཡང་ ལྷན་ཁག་གི་ གཙོ་རིམ་ལས་སྣ་ཚུ་དང་འཁྲིལ་ཏེ་མེན་ཟེར་ཨིན་པས།
དངུལ་རྩིས་ལྷན་ཁག་གི་ མི་ཚུ་གིས་ གསོ་བ་ལྷན་ཁག་གི་ གཙོ་རིམ་གྱི་སྐོར་ལས་ མི་ཤེས་ནི་ཨིནམ་ལས་ འཆར་དངུལ་ཆ་འཇོག་དབང་འཛིན་དང་ ལས་འགུལ་ཆ་འཇོག་དབང་འཛིན་༢ ཀྱི་བར་ན་ ཐད་ཀར་གྱི་ བརྡ་དོན་མིན་འདུག་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ ལས་སྣ་ཚུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ནང་ མ་བཏང་པའི་ཧེ་མར་ ག་ར་ གཅིག་ཁར་སྡོད་ཞིནམ་ལས་ ལཱ་འབད་དགོཔ་བཞིན་དུ་ སང་ཕོད་ལས་ ལོ་བསྟར་ཆིངས་ཡིག་ འཛིན་སྐྱོང་འཐབ་ནི་དེ་ དུམ་གྲ་ཅིག་ མ་འདྲཝ་སྦེ་ འབད་ནི་ཟེར་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ བློན་ཆེན་དང་ ལྷན་ཁག་གི་བློན་པོ་ དེ་ལས་ བློན་པོ་དང་ དྲུང་ཆེན་ དེ་ལས་ དྲུང་ཆེན་དང་ མདོ་ཆེན་ཚུ་གི་བར་ན་ ཡིག་ཆ་ལེ་ཤ་ཅིག་ར་ མཚན་རྟགས་བཀོད་ཡོད་རུང་ ལག་ལེན་དངོས་བསྟར་ནང་ བརྡ་སྟོན་ཚུ་ལུ་ དཔྱད་ཞིབ་འབད་དེ་བལྟཝ་ད་ བརྡ་སྟོན་ཚུ་ ལྡབ་ལོག་ཡར་སོ་ནུག་ཟེར་ཨིན་པས།
ད་རེས་ མདུན་ལམ་གསལ་ཏོག་ཏོ་ཅིག་ མེད་པའི་ཁར་ ང་གིས་ བློན་པོ་དང་གཅིག་ཁར་ ཡིག་ཆ་གུ་ མིང་རྟགས་བཀོད་མི་དེ་གིས་ སྲིད་བྱུས་ཀྱི་ ལམ་སྟོན་དང་ སྲིད་བྱུས་ཀྱི་རྒྱབ་སྐྱོར་ དེ་ལས་ མ་འོངས་པའི་ མདུན་ལམ་ལུ་ཞུགས་ནི་གི་ ལྷན་ཐབས་འབད་འོང་ཟེར་ རེ་བ་ཡོད་རུང་ དེ་དང་འཁྲིལ་ མ་འགྱོཝ་བཟུམ་མའི་ མཐོང་སྣང་བྱུངམ་མས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ད་རེས་ འབྲུག་ལུ་ གོང་འཕེལ་ཐལ་མི་ རྒྱལ་ཁབ་ཚུ་བཟུམ་སྦེ་ འབུ་ནད་ཀྱི་ ནད་གཞི་དང་ འབུ་ནད་མེན་པའི་ ནད་གཞི་ཚུ་གི་ གདོང་ལེན་བྱུང་སྟེ་ཡོདཔ་ལས་ ང་བཅས་རའི་ གསོ་བའི་སྨན་བཅོས་ཀྱི་ སྲིད་བྱུས་ཚུ་ དེ་དང་འཁྲིལ་ཏེ་ བརྩམ་དགོ་པའི་ཁར་ ནད་གཞིའི་འགྲོས་སྟངས་དང་འཁྲིལ་ མི་སྟོབས་གོང་འཕེལ་གཏང་དགོ་ཟེར་ཨིན་པས།
ཨ་ལོ་ཆགས་ཡོད་མི་ ཨམ་སྲུ་ཚུ་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ ག་དེམ་ཅིག་ འོང་ཡོདཔ་ཨིན་ནའི་སྐོར་མེན་པར་ འདི་བཟུམ་མའི་ སྲིད་བྱུས་དང་འབྲེལ་བའི་ གནད་དོན་ཚུ་ སེལ་ཐབས་འབད་ནི་གི་ ལོ་བསྟར་ཆིངས་ཡིག་ལུ་ མིང་རྟགས་བཀོད་ནི་གི་ རེ་བ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ ཨ་ལོ་ཆགས་ཡོད་པའི་ ཨམ་སྲུ་ཚུ་ སྨན་བཅོས་འབད་ནི་དེ་ སྲིད་བྱུས་གནས་ཚད་ནང་ གལ་ཅན་ཅིག་ཨིན་ཟེར་གསུངས་ཡི།
ཨ་ལོ་ཆགས་མི་ ཨམ་སྲུ་ཚུ་ སྨན་བཅོས་འབད་ནིའི་ནང་ བློན་ཆེན་དང་ བློན་པོ་ཚུ་གི་ གནས་རིམ་ནང་ འབད་དགོཔ་མངམ་མེདཔ་ལས་ ལས་ཚན་དང་ མདོ་ཆེན་གྱི་བར་ན་ བརྩི་མཐོང་སྦོམ་དགོ་པའི་ཁར་ ལཱ་ཚུ་ཡང་ སྤྱིར་བཏང་ཌོག་ཊར༌དང༌ གཞི་རྟེན་གསོ་བའི་ འགོ་དཔོན་ དེ་ལས་ གསོ་བའི་ལས་བྱེདཔ་གཞན་ཚུ་གིས་ འབད་ཚུགས་ཟེར་ཨིན་པས།
བློན་ཆེན་དང་ བློན་པོ་ཚུ་གི་བར་ན་ མཚན་རྟགས་བཀོད་མི་ཚུ་ གཞན་དང་ཕྱདཔ་ད་ དོན་སྨིན་ཅན་ཅིག་ འོང་དགོཔ་བཞིན་དུ་ གཞུང་གི་ལས་འབྲེལ་དང་ འཛིན་སྐྱོང་ལས་ཚན་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གྲུབ་འབྲས་ཅན་གྱི་ གཙོ་རིམ་ཚུ་ རྒྱ་ཆེཝ་སྦེ་ཡོདཔ་ལས་ ས་གནས་དང་འཁྲིལ་ཏེ་ བཟོ་དགོཔ་ཡོད་ཟེར་ཨིན་པས།
གསོ་བའི་དྲུང་ཆེན་ ཌོག་ཊར་ཨོ་རྒྱན་རྡོ་ཕུག་གིས་ སླབ་མིའི་ནང་ རྩིས་ལོ་༢༠༡༩-༢༠ གི་ ལོ་བསྟར་ལས་འབྲེལ་ཆིངས་ཡིག་ཚུ་ འཆར་གཞི་༡༢ པ་དང གཞུང་གི་ལས་འབྲེལ་དང་ འཛིན་སྐྱོང་ལས་ཚན་གྱི་ སྤུས་ཚད་ཡོདཔའི་གཞི་བཀོད་དང་གཅིག་ཁར་ རིམ་སྒྲིག་འབད་དེ་ཡོད་ཟེར་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ གྲུབ་འབྲས་བརྡ་སྟོན་སྐོར་ལས་ ནང་འཁོད་གྲོས་བསྟུན་འབད་དེ་ཡོད་པའི་ཁར་ གཞུང་གི་ལས་འབྲེལ་དང་ འཛིན་སྐྱོང་ལས་ཚན་གྱིས་ ལས་སྣ་ཚུ་ལུ་ ནོར་སྐྱོན་བཏོན་ཡོད་མི་ཚུ་ བསྒྱུར་བཅོས་འབད་ཡི་ཟེར་ བཤད་ཅི།
མོ་གིས་འབད་བ་ཅིན་ ཨ་ལོ་ཆགས་མི་ ཨམ་སྲུ་ཚུ་ སྨན་བཅོས་འབད་བར་འོང་མིའི་ ཁྱབ་ཚད་དེ་ཡང་ བརྒྱ་ཆ་༩༠ ལུ་ ལྷོད་དེ་ཡོད་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *