བློན་ཆེན་གྱི་གསོལ་རས་ མིག་དཔེ་ངན་པ་ལུ་འགྱུར་ཉེན།

༉ ན་ཧིང་ འབྲུག་གི་གློག་བརྙན་ཚོགས་པའི་ འགོ་འདྲེན་ཐོག་ལུ་ རྒྱལ་ཡོངས་གློག་བརྙན་དུས་སྟོན་ཐེངས་༡༦ པའི་ནང་ གློག་བརྙན་དྲག་ཤོས་ཐོན་མི་༣ ལུ་ བློན་ཆེན་གྱི་གསོལ་རས་ དངུལ་ཀྲམ་འབུམ་༡༠ རེ་གནང་ནི་ འགོ་བཙུགས་མི་དེ་ རྒྱལ་ཁབ་ནང་ གློག་བརྙན་ལས་སྡེ་ ཡར་རྒྱས་གཏང་ནི་དང་ འབྲུག་པའི་གློག་བརྙན་བཟོ་མི་ཚུ་ལུ་ སྤུས་ཚད་དང་ལྡན་པའི་ གློག་བརྙན་བཟོ་ནི་གི་ སེམས་ཤུགས་འབྱུང་ནི་གི་ ཐབས་ལམ་ཅིག་ཨིན་མས།

དེ་འབདཝ་ད་ གསོལ་རས་གནང་ཚལ་བའི་ཤུལ་ལས་ རྩོད་རྙོགས་ཅན་གྱི་ གནད་དོན་ལུ་གྱུར་ཏེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ལྷོད་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ གསོལ་རས་བྱིན་མིའི་ནང་ གཡོ་སྒྱུ་དང་ ཉེས་ལས་འཐབ་པའི་ མངོན་གསལ་མ་བྱུང་རུང་ བློན་ཆེན་གྱི་ གསོལ་རས་ཀྱི་དོན་ལུ་ གློག་བརྙན་དྲག་ཤོས་གསུམ་ གདམ་ཁ་རྐྱབ་ཐངས་ཀྱི་ བྱ་བའི་གནད་སྤྱོད་ནང་ ནོར་སྐྱོན་དང་ དྭངས་གསལ་མེད་མི་ལུ་བརྟེན་ བདེན་མེད་ཀྱི་ རྩོད་རྙོགས་བཟོ་ཡོད་པའི་ གྲུབ་འབྲས་བྱུང

མི་ལུ་བརྟེན་ ཞི་བའི་མི་སྡེ་ལས་ཚོགས་དབང་འཛིན་གྱི་ བཀོད་ཚོགས་ལུ་ གསོལ་རས་བསྡོམས་ དངུལ་ཀྲམ་ས་ཡ་༣ བྱིན་ཚར་མི་ཚུ་ ལོག་བསྡུ་ལེན་འབད་དགོ་པའི་ ཡི་གུ་བྲིས་ནུག།

ལམ་ལུགས་རྩ་བརྟན་དང་ དྭངས་གསལ་བཟོ་ནི་ དེ་ལས་ འགན་འཁྲི་བཀལ་ནིའི་ ལམ་ལུགས་ཡར་དྲག་གཏང་ནིའི་དོན་ལུ་ ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༧ ལུ་ ཞི་བའི་མི་སྡེ་ལས་ཚོགས་དབང་འཛིན་གྱི་ བཀོད་ཚོགས་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དགོ་པའི་ གྲོས་འདེབས་བཀོད་ཡོད་རུང་ དང་ལེན་གྱི་ སྙན་ཞུ་མ་ལྷོད་པས།

འདི་འབདཝ་ལས་ རྩོད་རྙོགས་དེ་ སེལ་མ་ཚུགས་པར་ཡོད་མི་ལུ་བརྟེན་ གློག་བརྙན་དུསསྟོན་ཐེངས་༡༧ པ་ འགོ་མ་བཙུགས་པའི་ བདུན་ཕྲག་༡ གི་ཧེ་མར་ སྤྱི་ཟླ་༢ པའི་ཚེས་༡༥ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ལུ་ བློན་ཆེན་གྱི་ གསོལ་རས་དེ་ མ་བྱིན་པ་ ཕར་ཕུད་རྐྱབ་བཞག་དགོ་པའི་ གྲོས་འདེབས་བཀོད་མི་དེ་ཡང་ བློན་ཆེན་གྱི་ གསོལ་རས་དེ་ འཕྲོ་མཐུད་དེ་ར་ བྱིན་པ་ཅིན་ མིག་དཔེ་ངན་པ་བཏོན་ནི་གི་ འོས་འབབ་ཡོད་མི་ལུ་བརྟེན་ཨིན་མས།

བློན་ཆེན་གྱིས་ གློག་བརྙན་དྲག་ཤོས་ཀྱི་ གསོལ་རས་ཚུ་ ངན་ལྷད་བཀད་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་དོ་ཡོདཔ་ལས་ ཞིབ་དཔྱད་འབད་མ་ཚར་ཚུན་ གློག་བརྙན་དྲག་ཤོས་ཚུ་ གསལ་བསྒྲགས་འབད་ཚར་ཡོད་རུང་ གསོལ་རས་མི་བྱིན་ཟེར་ གསུངསམ་ཨིན་རུང་ བློན་ཆེན་གྱི་ གསོལ་རས་དེ་ གློག་བརྙན་ཚུ་ རྒྱལ་སྤྱིའི་ནང་ དོ་འགྲན་འབད་བའི་སྐབས་ རྒྱལ་ཁ་འཐོབ་ཚུགས་པའི་ ཕན་ཐོགས་ཡོད་ནི་དེ་གིས་ བྱིནམ་ཨིན་ཟེར་ གསུངསམ་ཨིན་མས།

འདི་འབདཝ་ད་ བློན་ཆེན་གྱི་ གསོལ་རས་དེ་ གློག་བརྙན་དྲག་ཤོས་ཚུ་ལུ་མེན་པར་ གློག་བརྙན་ཚུ་ སྲབ་འཁོར་ཌི་བི་ཌི་ནང་ བཏོན་དགོ་པའི་ རིན་དངུལ་བཟུམ་ཅིག་ཨིན་ཟེར་ གསུངས་མི་དེ་གིས་ མི་མང་ལུ་ ཧེང་སྐལ་ར་ མགུ་འཐོམ་དགོཔ་བྱུང་ནུག།

བློན་ཆེན་གྱིས་འབད་བ་ཅིན་ གློག་བརྙན་དྲག་ཤོས་ཐོན་མི་༣ ལུ་ དངུལ་ཀྲམ་ས་ཡ་རེ་ བྱིན་མི་དེ་ གསོལ་རས་སྦེ་མེན་པར་ ལོ་༡ དེ་ཅིག་གི་ཤུལ་ལས་ གློག་བརྙན་དྲག་ཤོས་ཐོན་མི་ཚུ་ ཌི་བི་ཌིའི་ནང་ བཏོན་ཐབས་ལུ་ཨིནམ་ལས་ དེ་གིས་ རང་སོའི་ཁྱིམ་ནང་ གློག་བརྙན་ཚུ་ བལྟ་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་མས།

མ་གཞི་ གློག་བརྙན་ཚུ་ལུ་བརྟེན་ འབྲུག་གི་རྒྱལ་ཡོངས་ངོ་རྟགས་ ལམ་སྲོལ་དང་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་མི་ཉམས་གོང་འཕེལ་དང་ དར་ཁྱབ་གཏང་ནིའི་ནང་ ཕན་ཐོགས་སྦོམ་ཡོདཔ་ལས་ གློག་བརྙན་ལས་སྡེ་ལུ་ རྒྱབ་སྐྱོར་འབད་ནི་དེ་ ག་ནི་བ་ གལ་ཆེ་ནི་ཨིན་རུང་ བློན་ཆེན་གྱི་ གསོལ་རས་ཐོག་ལས་མེན་པར་ ཐབས་ཤེས་གཞན་གྱི་ཐོག་ལས་ ལྷན་ཐབས་འབད་དགོ།

འདི་འབདཝ་ལས་ བློན་ཆེན་གྱི་ གསོལ་རས་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གྲོས་འདེབས་བཀོད་དོ་བཟུམ་ མིག་དཔེ་ངན་པ་ལུ་ མ་འགྱུར་བའི་ཧེ་མར་ རྩོད་རྙོགས་ཚུ་ སེལ་ཐབས་འབད་དེ་ ད་ལས་ཕར་ འདི་བཟུམ་བྱིན་ནི་གི་ འོས་འབབ་ཡོད་མེད་ བལྟ་ཐོག་ལས་ ཆུ་མ་འོངམ་ལས་གཡུར་བ། ནད་མ་འོངམ་ལས་རིམ་གྲོ་ཟེར་ སླབ་སྲོལ་ཡོདཔ་བཟུམ་ ད་ལྟོ་ལས་ ཐག་བཏོག་དགོཔ་འདུག།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *