བློ་ལྡན་གཞི་ཚོགས་ཀྱི་རྩོད་དོན་ ཉེན་བརྡ་བྱིན་ཐོག་ལས་ མཇུག་བསྡུ་ཡོདཔ།

༉ ཞི་བའི་མི་སྡེ་ལས་ཚོགས་ཅིག་ཨིན་མི་ བློ་ལྡན་གཞི་ཚོགས་ནང་ གོང་འཕེལ་/བརྒྱུད་འབྲེལ་འགོ་དཔོན་ཅིག་ གདམ་འཐུ་འབདཝ་ད་ བྱ་སྒོ་ལམ་ལུགས་ཚུལ་ལྡན་སྦེ་ ལག་ལེན་མ་འཐབ་པའི་སྐོར་ ཉོགས་བཤད་བཀོད་མི་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་སྟེ་ རྩོད་དོན་མཇུག་བསྡུ་བཏང་ནུག།
དེ་ཡང་ གཞི་ཚོགས་ཀྱིས་ ལྷན་ཚོགས་ལུ་ཕུལ་མི་ དང་ལེན་སྙན་ཞུ་དེ་ བསྐྱར་ཞིབ་འབད་བའི་ཤུལ་ལས་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ ལྷན་ཚོགས་ཀྱིས་ བློ་ལྡན་གཞི་ཚུགས་ཀྱི་ བཀོད་ཁྱབ་གཙོ་འཛིན་ངོ་ཚབ་ལུ་ རྩོད་དོན་དེ་ལུ་ ལྷན་ཚོགས་ཀྱི་ཧོངས་ལས་ ཞིབ་དཔྱད་འཕྲོ་མཐུད་མི་རྐྱབ་ནི་སྦེ་ ཡི་གུ་བཏང་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ འཛིན་སྐྱོང་དང་ བཀོད་ཚོགས་ཀྱི་ འཐུས་མི་ཚུ་ལུ་ མ་འོངས་པར་ འདི་བཟུམ་མའི་ འཐུས་ཤོར་དང་ ནོར་སྐྱོན་ཚུ་ འཐོན་ནི་མེདཔ་ ངེས་བརྟན་བཟོ་དགོ་པའི་ དྲན་བསྐུལ་འབད་ནུག།
མ་གཞི་ ཕྱོགས་ལྷུང་དང་ མཐུན་འགྱུར་ ཁེ་ཕན་ལྟག་སྤྲོད་ལ་སོགས་པའི་ ངན་ལྷད་ཀྱི་བྱ་ངན་ འཐབ་ཡོད་པའི་ སྒྲུབ་བྱེད་ཀྱི་མངོན་རྟགས་ མ་ཐོན་རུང་ གདམ་འཐུའི་ཆོས་རྒྱུགས་ཚུ་ དུས་ཚོད་སོ་སོའི་ནང་ ལེན་ཡོད་མི་དེ་ ཁྱད་རིག་དང་ གསར་བཙུགས་ཀྱི་ ཐབས་ལམ་ལེགས་ལྡན་ཅིག་ མེན་མི་ལུ་བརྟེན་ ངན་ལྷད་ལག་ལེན་དང་འབྲེལ་བའི་ དོགས་པ་ཆགས་དགོ་པའི་ གཞི་ཁུངས་ལུ་ གྱུར་ནུག་ཟེར་ ཡི་གུ་ནང་བཀོད་ནུག།
ལྷན་ཚོགས་ཀྱིས་ གདམ་འཐུ་བྱ་རིམ་ལུ་ བརྟག་ཞིབ་འབདཝ་ད་ ཕུན་ཚོགས་རྣམ་རྒྱལ་དེ་ གདམ་ཐོ་ནང་ མི་༡༠ ཚུད་མིའི་གྲངས་སུ་མེད་པའི་ མངོན་གསལ་བྱུང་ཡོདཔ་ད་ གདམ་འཐུ་དེ་ རྣམ་དག་དང་ དྭངས་གསལ་སྦེ་ མ་འབད་བའི་སྐོར་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༨ ལུ་ ཉོགས་བཀོད་ཡི་གུ་ཐོབ་པའི་ཤུལ་ལས་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ཡོདཔ་ཨིན་པས།
ཉོགས་བཤད་ཡི་གུ་ནང་ ཕུན་ཚོགས་རྣམ་རྒྱལ་དེ་ གདམ་ཐོ་ནང་མེད་རུང་ གདམ་འཐུ་ཚོགས་ཆུང་གིས་ གཞི་ག་ཅི་ལུ་བཞག་སྟེ་ ཁོ་ གདམ་འཐུ་འབད་ཡོདཔ་ཨིན་ན་ ཞིབ་དཔྱད་འབད་གནང་ཟེར་ བཀོད་ཡོདཔ་ཨིན་པས།
ཞིབ་དཔྱད་འབདཝ་ད་ གཞི་ཚོགས་ཀྱིས་ གདམ་འཐུའི་ཆོས་རྒྱུགས་ལེན་མི་༣ འབད་མི་ སྡེ་ཚན་ཅིག་དང་ ངག་ཐོག་གི་ དྲི་བ་དྲིས་ལན་གྱི་དོན་ལུ་ འཐུས་མི་༥ འབད་མི་ སྡེ་ཚན་ཅིག་ བཟོ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ གདམ་འཐུ་འབད་མི་ འཐུས་མི་ཚུ་ལུ་ འཐུས་ཡང་སྤྲོད་དེ་མིན་འདུག་ཟེར་ཨིན་པས།
དེ་འབདཝ་ད་ གདམ་ཐོ་ནང་ཚུད་མི་༡༠ དང་ སྔོན་འགྲོའི་གདམ་ཐོ་ནང་ མ་ཚུད་མི་ འདེམས་ངོ་ཅིག་གི་དོན་ལུ་ གདམ་འཐུའི་ཆོས་རྒྱུགས་ལན་ཐེངས་གསུམ་ རྐྱབ་བཅུག་མི་དེ་ཡང་ ཆོས་རྒྱུགས་དང་པ་དེ་ སྤྱི་ཟླ་༡ པའི་ཚེས་༢༢ ལུ་ ལས་འཆར་དང་འཁྲིལ་ འགོ་འདྲེན་འཐབ་མི་དེ་ནང་ གདམ་ཐོ་ནང་ཚུད་མི་༦ འབོ་ཡོདཔ་མ་ཚད་ གདམ་ཐོ་ནང་མ་ཚུད་མི་༡ འཛོལ་ཏེ་ འབོ་ཡོདཔ་ད་ དེ་ཚེ་ཉིན་མ་ར་ འགོ་འདྲེན་འཐབ་མི་དེ་དང་ མི་༡ ཡིག་ཐོག་གི་ ཆོས་རྒྱུགས་ནང་ འབོ་ཡོདཔ་བཞིན་དུ་ ཆོས་རྒྱུགས་མཇུག་ར་ སྤྱི་ཟླ་༡ པའི་ཚེས་༢༣ གྱི་ཉིན་མར་ ཕུན་ཚོགས་རྣམ་རྒྱལ་གྱི་དོན་ལུ་ དམིགས་བསལ་སྦེ་ འགོ་འདྲེན་འཐབ་ཡོད་པའི་ མངོན་གསལ་བྱུང་ནུག།
ལྷན་ཚོགས་ཀྱི་ ཡི་གུ་ནང་ སྤྱི་ཟླ་༤ པའི་ཚེས་༢ ལུ་ དང་ལེན་སྙན་ཞུ་ཕུལ་མི་དེ་ནང་ ཕུན་ཚོགས་རྣམ་རྒྱལ་གྱི་ ཡིག་ཐོག་དྲི་བ་དྲིས་ལན་དེ་ ཚེས་གྲངས་༡ ནང་ར་ འགོ་འདྲེན་འཐབ་ཡོདཔ་སྦེ་ བཀོད་མི་དེ་ མ་བདེནམ་ཐོན་སོ་ཡི་ཟེར་བཀོད་ནུག།
དེ་འབདཝ་ལས་ མིང་གཏམ་ཅན་གྱི་ ཞི་བའི་ལས་ཚོགས་ཅིག་ཨིན་མི་ བློ་ལྡན་གཞི་ཚོགས་ཀྱི་ འཛིན་སྐྱོང་གིས་ རྩ་ཁྲིམས་ཅན་གྱི་ ཡིག་ཚང་ལུ་ གཡང་ཟ་བག་ཟོན་ག་ནི་ཡང་མེད་པར་ ཤོབ་རྐྱབ་ནི་གི་ བློ་ཁོག་ཡོད་མི་ལུ་བལྟ་སྟེ་ ལྷན་ཚོགས་ལུ་ འཁྲུལ་སྣང་ལང་དགོཔ་བྱུང་ཡི་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཡི་གུ་ནང་བཀོད་ནུག།
འཛིན་སྐྱོང་གིས་ འདི་བཟུམ་མའི་ ཤོབ་རྐྱབ་ནི་གི་ བློ་སྟོབས་སྦོམ་ཐོབ་མི་དེ་གིས་ ཀུན་སློང་ཀུན་སྤྱོད་ཀྱི་ བརྩི་མཐོང་མེདཔ་ད་ ཚོང་འབྲེལ་དང་ ཐ་ན་ སློབ་གཉེར་གྲོགས་རམ་དང་ ཚོང་འབྲེལ་གྱི་ གྲོས་འཆར་ཚུ་ གདམ་ཁ་རྐྱབ་ནི་ལ་སོགས་པའི་ ལས་སྣ་ཚུ་ནང་ ཀུན་སྤྱོད་རྣམ་གཞག་ ལེགས་ཤོམ་མེདཔ་བཟུམ་མའི་ བརྡ་མཚོན་སྟོནམ་མས་ཟེར་བཀོད་ནུག།
ད་རུང་ ལྷན་ཚོགས་ཀྱིས་འབད་བ་ཅིན་ གཞི་ཚོགས་ཀྱི་ཧོངས་ལས་ གསར་བཙུགས་བྱ་རིམ་ནང་ འཐུས་ཤོར་སྦོམ་བྱུང་མི་དང་ ཚུལ་ལྡན་མ་འགྱོ་བའི་ ངོས་ལེན་འབད་ཡོད་རུང་ གདམ་འཐུའི་བྱ་རིམ་དེ་ བློ་ལྡན་གཞི་ཚོགས་ཀྱི་ ཐབས་བྱུས་དྲག་ཤོས་ཚུ་དང་འཁྲིལ་ཏེ་ར་འབད་ཡི་ཟེར་ སླབ་མི་དེ་ རྟགས་མཐུན་མ་ཚུགས་ཟེར་ཨིན་པས།
དེ་འབདཝ་ལས་ ལྷན་ཚོགས་ཀྱིས་ བཀོད་ཚོགས་དང་ འཛིན་སྐྱོང་ལུ་ བློ་ལྡན་གྱི་ ཐབས་ལམ་དྲག་ཤོས་དང་ ནང་འཁོད་ལམ་ལུགས་ཚུ་ བསྐྱར་ཞིབ་འབད་དེ་ མ་འོངས་པ་ལུ་ ད་རེས་བཟུམ་མའི་ བྱུང་རྐྱེན་ཚུ་འཐོན་ནི་ལས་ སྔོན་འགོག་འབད་ཐབས་ལུ་ དྭངས་གསལ་དང་ འགན་འཁྲི་ཅན་བཟོ་དགོཔ་སྦེ་ བསླབ་བཀོད་འབད་ནུག།
བློ་ལྡན་གྱི་ བཀོད་ཚོགས་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་ལུ་ དགའ་ཚོར་བསྐྱེདཔ་མ་ཚད་ གསང་བའི་ཐོག་ལས་ ཉོགས་བཤད་བཀོད་མི་དང་འཁྲིལ་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་དེ་ འོས་ལྡན་གྱི་ དང་ལེན་འབད་མི་ལུ་ དགའ་ཚོར་སྦོམ་ཡོད་ལུགས་ བཤདཔ་ཨིན་པས།
འདས་པའི་དྲི་བ་དྲིས་ལན་སྐབས་ བློ་ལྡན་གཞི་ཚོགས་ གཞི་བཙུགས་འབད་མི་དང་གཙོ་འཛིན་ ཀརྨ་ཕུན་ཚོགས་ཀྱིས་ ཉོགས་བཤད་དེ་ མི་བདེན་ཟེར་ དོགས་སེལ་འབད་མི་དེ་ཡང་ གདམ་འཐུ་ཚོགས་ཆུང་གིས་ སྤྱི་ཟླ་༡ པའི་ཚེས་༡༩ དང་༢༠ ལུ་ ཞུ་ཡིག་བཙུགས་མི་ཚུ་ སྔོན་འགྲོའི་གདམ་འཐུ་འབད་ནི་ འགོ་བཙུགས་པའི་སྐབས་ ཡིག་ཆ་མ་ཚང་མི་དག་པ་ཅིག་དང་ ཐོ་བཀོད་ནང་ མི་གསལ་རྟགས་མཐུན་མེདཔ་ མཐོང་གསལ་བྱུང་པའི་ཤུལ་ལུ་ བཀོད་ཁྱབ་མདོ་ཆེན་ལུ་ དེ་གི་ནངས་པར་ རེས་གཟའ་མིག་དམར་གྱི་དྲོ་པར་ ཞུ་ཡིག་ཚུ་ བདེན་དཔྱད་འབད་དགོཔ་སྦེ་ བཀོད་རྒྱ་བྱིན་ནུག་ཟེར་ཨིན་པས།
བཀོད་ཁྱབ་མདོ་ཆེན་གྱིས་ ཞུ་ཡིག་ཚུ་ བསྡུ་སྒྲིག་འབདཝ་ད་ ཞུ་ཡིག་༡ གདམ་ཐོ་ནང་ མ་བཀོད་པར་ ལུས་ཡོད་པའི་སྐོར་ ཚོགས་ཆུང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཚོགས་ཆུང་གིས་ཡང་ ཕུན་ཚོགས་རྣམ་རྒྱལ་གྱི་ ཞུ་ཡིག་དེ་ དུས་ཚོད་ནང་འཁོད་ལུ་ བཙུགས་ཡོདཔ་ལས་ བསྐྱར་ཞིབ་འབད་དེ་ གོ་སྐབས་འདྲ་མཉམ་བྱིན་ནི་སྦེ་ ཐག་བཅད་ནུག་ཟེར་ ཀརྨ་ཕུན་ཚོགས་ཀྱིས་ བཤད་ཅི།
བདག་སྐྱོང་དང་འབྲེལ་བའི་ འཐུས་ཤོར་བྱུང་མི་དེ་ལུ་ བཀོད་ཚོགས་ལུ་ སེམས་ཕམ་སྦོམ་བྱུངམ་ལས་ མ་འོངས་པ་ལུ་ འདི་བཟུམ་མའི་ ནོར་འཁྲུལ་དང་ འཐུས་ཤོར་ཚུ་ མི་འབྱུང་ནིའི་དོན་ལས་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ ཉེན་བརྡ་བྱིན་ཡོདཔ་མ་ཚད་ ཐབས་ལམ་ཚུ་ བཏོན་ཏེ་ཡོད་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *