བློ་བདེ་ནི་མེན་པར་ ཚ་གྱང་ལང་དགོཔ།

༉ རྒྱལ་ས་ལྟེ་བ་ལུ་ འདས་པའི་ཉིནམ་༢ ཀྱི་རིང་ འགྲོ་འགྲུལ་བཀག་དམ་འབད་མི་དེ་ ད་ཚུན་གྱི་བར་ན་ དུས་ཡུན་ཐུང་ཤོས་ཅིག་ཨིན་རུང་ ཐིམ་ཕུག་ལུང་གཤོང་ནང་ སྡོད་མི་ཚུ་ལུ་ ཨ་རྟག་དང་མ་འདྲ་བའི་ ཚོར་སྣང་དྲག་པོ་དང་ འདྲོག་བྱེལ་འཐབ་དགོཔ་བྱུང་ནུག།

དེ་ཡང་ སྤྱིར་བཏང་འབད་བ་ཅིན་ ཨེན་ཊེ་ཇེན་བརྟག་དཔྱད་ནང་ ནད་རྟགས་ཐོན་རུང་ གཏན་འཁེལ་གྱི་དོན་ལུ་ ཨར་ཊི་-པི་སི་ཨར་གྱི་ བརྟག་དཔྱད་གྲུབ་འབྲས་ མ་ཐོན་ཚུན་ཚོད་ འགྲོ་འགྲུལ་བཀག་དམ་འབད་ནི་ མེདཔ་ཨིན་རུང་ ད་རེས་ སྐྱེས་ལོ་༨ ལང་མི་ སློབ་ཕྲུག་བུཚ་དེ་ལུ་ སྔོན་འགྲོའི་བརྟག་དཔྱད་ ཨེན་ཊི་ཇེན་ནང་ ནད་ཡམས་ཀོ་བིཌ-༡༩ འི་ ནད་རྟགས་ཐོན་མི་ལུ་གཞི་བཞག་སྟེ་ འགྲོ་འགྲུལ་བཀག་དམ་འབད་མི་ལུ་བརྟེན་ཨིན་མས།

གསོ་བའི་ཁ་ཐུག་ལས་ བུཚ་དེ་ལུ་ སྔོན་འགྲོའི་བརྟག་དཔྱད་ནང་ ནད་རྟགས་ཐོན་ཡོདཔ་ལས་ ཨར་ཊི་-པི་སི་ཨར་གྱི་ བརྟག་དཔྱད་གྲུབ་འབྲས་ལུ་ མ་བསྒུགས་པར་ འགྲོ་འགྲུལ་བཀག་དམ་འབད་དགོ་མི་དེ་ཡང་ ཨ་ལོ་དེ་ལུ་ ནད་འབུབ་ཁྱབ་ཆེ་དྲགས་ཡོད་པའི་ བརྡ་མཚོན་སྟོནམ་ལས་ མི་མང་ལུ་ ནད་འབུབ་ཁྱབ་སྤེལ་འགྱོ་ནི་གི་ ཉེན་ཁ་སྦོམ་ཡོད་ནི་དེ་གིས་ཨིན་མས།

ང་བཅས་ཀྱི་ འཇིག་རྟེན་པའི་ དཔྱེ་གཏམ་ལས་འབད་རུང་ ཆུ་མ་འོངམ་ལས་གཡུར་བ། །ནད་མ་འོངམ་ལས་རིམ་གྲོ། །ཟེར་ སླབ་སྲོལ་ཡོདཔ་བཟུམ་ གཞུང་དང་གསོ་བའི་ཁ་ཐུག་ལས་ སྔོན་འགྲོའི་བརྟག་དཔྱད་ཀྱི་ གྲུབ་འབྲས་ལུ་ གཞི་བཟུང་སྟེ་ འགྲུལ་སྐྱོད་བཀག་དམ་འབད་མི་དེ་ ལེགས་ཤོམ་ཡར་སོ་ནུག།

འདས་པའི་ཉིནམ་༢ ཀྱི་རིང་ འགྲོ་འགྲུལ་བཀག་དམ་སྐབས་ ཨ་ལོ་བུཚ་དང་ ཁོ་རའི་ཕམ་ དེ་ལས་ འབྲེལ་བ་འཐབ་མི་༢,༠༢༩ ལས་ དཔེ་ཚད་ལེན་ཏེ་ བརྟག་དཔྱད་འབདཝ་ད་ ག་ར་ལུ་ ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་ཡོདཔ་བཞིན་དུ་ འབྲེལ་ཡོད་དབང་འཛིན་ལུ་ཡང་ དོགས་པ་ཆགས་དགོཔ་ མ་བྱུངམ་ལས་ འགྲོ་འགྲུལ་ཡངས་ཆག་བཏང་ནུག།

ཁ་ཙ་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ལས་ བློན་ཆེན་ཡིག་ཚང་གིས་ འགྲོ་འགྲུལ་བཀག་དམ་ཆ་མེད་ཀྱི་ གསལ་བསྒྲགས་འབདཝ་ཅིག་ར་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་བཟུམ་སྦེ་ ནད་ཡམས་འཕྱེལ་མི་འགྱོ་ག་ཟེར་ ཚ་གྱང་ལང་ འདྲོག་བྱེལ་འཐབ་སྟེ་སྡོད་མི་ ཐིམ་ཁྲོམ་གྱི་མི་ཚུ་ལུ་ སེམས་ལུ་ཞི་བདེ་བྱུང་སྟེ་ ཕྱི་ཁ་ལས་ཕར་ ཐོན་འགྱོ་སར་ མཐོང་གསལ་བྱུང་ཡི།

ད་རེས་ནངས་པར་ ནད་ཡམས་ཀྱི་ ཁྱད་ཆོས་མ་འདྲཝ་ཐོན་མི་དེ་ མི་སྡེ་ནང་ ཁྱབ་སྤེལ་མགྱོགས་དྲགས་འགྱོ་མིའི་ནང་ལས་ཡང་ དམིགས་བསལ་དུ་ ཨ་ལོ་ཚུ་དང་ ན་སྟེ་ཡུན་རིང་སོང་མི་ཚུ་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ལས་ ད་རེས་ ཐིམ་ཕུག་ལུ་ གློ་བུར་དུ་ འགྲུལ་སྐྱོད་བཀག་དམ་འབད་མི་གིས་ སློབ་གྲྭ་ལ་སོགས་པའི་ མི་སྤུངས་འཛོམས་འབད་སར་ ནད་ཡམས་ཀྱི་ བརྟག་དཔྱད་འབད་ནིའི་ གོ་སྐབས་ཐོབ་ནུག།

ཨིན་རུང་ ད་རིས་ཀྱི་ ནད་ཡམས་ཀྱི་ གནས་སྟངས་དེ་ མ་འདྲཝ་ཅིག་ཨིནམ་ལས་ ནམ་ར་འབད་རུང་ མི་སྡེ་ནང་ ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ ད་རིས་ འགྲོ་འགྲུལ་བཀག་དམ་ཆ་མེད་བཏང་ཡི་ཟེར་ ང་བཅས་བློ་བདེ་ནི་མེན་པར་ དྲན་པ་ཐེབས་བཏོན་ཏེ་ གཟབ་གཟབ་སྦེ་ སྡོད་དགོ་པའི་ དུས་སྐབས་ཅིག་ལུ་ ལྷོད་དེ་ཡོདཔ་ཨིན།

འདི་འབདཝ་ལས་ ང་བཅས་ག་ར་གིས་ གསོ་བའི་སྒྲིག་གཞི་ཚུ་ལུ་ གནས་ཐོག་ལས་ འཛོམས་འདུ་རུ་རུ་འབད་ནི་དང་ སྐྱེ་སྟོན་དང་ རིམ་གྲོ་ དགའ་སྟོན་འབད་ས་ཚུ་ནང་ འགྱོ་ནི་དེ་ ག་དེ་དྲག་དྲག་འཛེམ་ཐོག་ལས་ ནད་ཡམས་སྔོན་འགོག་དང་ གདོང་ལེན་འབད་ནི་ལུ་ ག་དེ་དྲག་དྲག་ རྒྱབ་སྐྱོར་འབད་དགོ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *