བླ་སྤྲུལ་རྫུས་བཟོའི་ རྙོགས་སེལ་འབད་དགོཔ་ གལ་ཅན།

༉ འབྲུག་འདི་ ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཨིནམ་ལས་ འབྲུག་མི་ཚུ་ག་ར་ ཆོས་ལུ་དད་པ་ཡོད་མི་ ཙང་ཙ་ཨིན།
ཨིན་རུང་ ད་རེས་ནངས་པར་ ཆོས་སྒོར་ཞུགས་མི་ཚུ་ལུ་ དོགས་ཟོན་བསྐྱེད་དེ་ དབྱེ་ཞིབ་དང་ འགག་བཤེར་འབད་དགོ་པའི་ གནད་དོན་སྐོར་ལས་ གསར་ཤོག་དང་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ ལོ་རྒྱུས་ལེ་ཤ་ཅིག་ར་ གསལ་བཀོད་འབད་ནུག།
ལྷག་པར་དུ་ ད་རེས་འཕྲལ་ཁམས་ཅིག་ཁར་ ལོ་རྒྱུས་དར་ཁྱབ་དོ་བཟུམ་འབད་བ་ཅིན་ མི་ལ་ལོ་ཅིག་གིས་ བླ་སྤྲུལ་ཨིན་ཟེར་ རྫུས་བཟོ་ཐོག་ མི་མང་ལུ་ ཆོས་བཤད་ནི་དང་ ཞལ་འདེབས་བསྡུ་ལེན་འབད་དོ་ཡོདཔ་ཨིན་མས།
དེ་ཡང་ ལེགས་སྦྱར་བ་བགྲེསཔ་ཅིག་དང་ དེད་གཡོགཔ་ཅིག་གིས་ བླ་སྤྲུལ་རྫུས་བཟོ་ཐོག་ བཀྲིས་སྒང་རྫོང་ཁག་གི་ མི་སྡེའི་འགོ་ཁྲིདཔ་དང་ རྩ་ཕན་གཉིས་ ཧ་ལམ་ བྲེལ་ཟིང་སྦོམ་སྦེ་ར་ ལང་སར་མཐོངམ་ད་ དད་ཅན་མི་སེར་ཚུ་ཡང་ མགུ་འཐོམ་འབྱུང་ནིའི་ཉེན་ཁ་འདུག།
རྒཔོ་དང་ ཁྲི་འཛིན་གྱིས་ བླ་སྤྲུལ་མེན་པའི་ བདེན་ཁུངས་བཟང་བའི་ཁར་ རྫུས་བཟོ་་འབད་མི་༢ ཀྱིས་ འཐོར་གཏམ་དེ་ལུ་ ཆ་གནས་འབད་མ་ཚུགས་པའི་སྐོར་ལས་ རང་སོའི་བདེན་ཁུངས་བཟང་སྟེ་ རྩོད་རྙོགས་ཐོན་ནུག།
འཐོར་གཏམ་ཚུ་ ག་དེ་འབད་རུང་ དེ་ལུ་ དབྱེ་དཔྱད་འབད་མ་ཚུགས་པའི་ དཀའ་ངལ་མེད་མི་དེ་ཡང་ རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ མི་རློབས་ས་ཡ་ལས་བཅད་དེ་མེད་པར་ ང་བཅས་ཀྱི་ རྒྱལ་ཁབ་འདི་ནང་ མི་རློབས་ཉུང་སུ་ཅིག་ལས་ བརྒལ་མེད་ནི་དེ་གིས་ཨིན།
ཨིན་རུང་ མི་སྡེ་འགོ་ཁྲིདཔ་ཚུ་གིས་ འབད་བ་ཅིན་ རྩ་ཕན་གཉིསཔོ་དེ་ རྫུས་མ་ཨིན་པའི་ལོ་རྒྱུས་དང་ ཁོང་གིས་འབད་བ་ཅིན་ བླ་སྤྲུལ་ཨིན་མིན་གྱི་ ར་ཁུངས་བཀལ་ཐོག་ལས་ གཙོ་བོ་ར་ མི་མང་གིས་ དད་པ་བསྐྱེད་དེ་འོང་མི་ལུ་ གཙོ་རིམ་བཟུམ་དོ་ཡོདཔ་སྦེ་ཨིན་མས།
གནད་དོན་དེ་ མ་འགྲིགཔ་སྦོམ་སྦེ་ར་ འཐོན་པ་ཅིན་ མཐའན་མཇུག་ཁར་ ཁྲིམས་འདུན་ལུ་ ལྷོད་ནིའི་ཉེན་ཁ་ཡོདཔ་ལས་ མེ་ཆུང་དུས་ལས་ བསད་པ་ཅིན་ དྲག་ནི་བཟུམ་འདུག།
ད་རེས་ནངས་པར་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དམ་པའི་ཆོས་ཀྱི་བདུད་རྩི་ རྒྱལ་བའི་གསུང་རབ་བཀའ་འགྱུར་ཆེན་མོའི་ ལྗགས་ལུང་གནང་སར་ དད་ཅན་ཁྲི་ཕྲག་ལས་བཅད་དེ་ འཛོམས་མི་ཚུ་ལུ་ཡང་ སེམས་ཀྱི་དོགས་པ་བཙུགས་ནི་ཨིནམ་ལས་ དཔེ་ངན་པའི་སྲོལ་སྤང་སྟེ་ བཟང་པོ་སྤྱོད་པའི་ལམ་བཟང་དགོ།
ཆོས་པ་གིས་ ཆོས་མིན་བྱས་སྲིད་ཟེར་ གསུངས་དོ་བཟུམ་སྦེ་ འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་འདི་ ག་ཅི་བཟུམ་ཅིག་ལུ་སླབ་ཨིན་ན་ ག་ར་གིས་ ཧ་གོ་དགོཔ་འདུག།
དེ་འབད་ནི་འདི་གིས་ དམ་པའི་ཆོས་ལུ་ ལོག་ལྟ་བསྐྱེད་མ་བཏུབ་ཨིནམ་ སེམས་ཁར་ངེས་ཞིནམ་ལས་ ཆོས་ཀྱི་མཚན་དོན་ གོང་དུ་བཀུར་ཏེ་ གང་ཟག་དེ་ར་ བརྟག་ཤིང་དཔྱད་དགོཔ་མ་ཚད་ དང་པ་ཆོས་ལུ་འགྱུར་བ་དཀའ་ གཉིས་པ་ ཆོས་རྣམས་དོར་བ་དཀའ་བའི་ ཁེ་ཕན་ལུ་ གཟིགས་གནང་།
འཛོལཝ་བླ་མའི་གསུང་དང་ ཆདཔ་གཟར་ཁའི་ཆུ་ཟེར་དོ་བཟུམ་སྦེ་ མི་མང་མགུ་རྙོགས་ཀྱི་ཐོག་ལུ་ མ་བཞག་པར་ དྭངས་གསལ་བཟོ་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

རྫོང་ཁའི་རྩ་གཞུང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི།

༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ …

Leave a Reply

Your email address will not be published. Required fields are marked *