བྲོས་ཟུར་འབད་མི་ བཙོན་པ་ཕོ་སྐྱེས་ཅིག་ འཚོལ་དོ་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ སྙན་གསན་དོན་ལས་འོང་མི་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོད་མི་ ཕོ་སྐྱེས་ཅིག་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ ས་གནས་ནང་ལས་ བྱོག་ཡར་སོཔ་ཨིན་པས།

སྐྱེས་ལོ་༢༨ ལང་མི་ཕོ་སྐྱེས་དེ་ གཞལམ་སྒང་ ཀྲོང་རྒེད་འོག་ ཏ་མ་གཡུས་ཚན་ལས་ཨིནམ་ད་ ཁོ་ར་ དུས་ཅི་སྤྱི་ཟླ་༣ པའི་ ཟླ་ཕྱེད་དེ་ཅིག་ཁར་ ཐིམ་ཕུག་ལུ་ ཨར་རྐུན་འབད་བའི་ གནད་དོན་ནང་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་བཙུགསཔ་ཨིན་པས།

ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉེས་ཅན་ཕོ་སྐྱེས་དེ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ནང་ སྙན་གསན་རིམ་པ་གི་དོན་ལུ་འབོ་སྟེ་ ཁྱིད་འགྱོ་བའི་སྐབས་ ས་གནས་ནང་ལས་ བྱོག་ཡར་སོང་ནུག་ཟེར་ཨིན་པས།

མ་གཞི་ ཁྲིམས་སྲུང་འགག་པའི་ཁ་ཐུག་ལས་ དེ་བསྒང་ ཁོ་དང་གཅིག་ཁར་ཡོད་མི་ སྒྲིག་གཡོག་ནང་ཡོད་མི་ ཁྲིམས་སྲུང་འགག་པ་དེ་གིས་ ཉེས་ཅན་ཕོ་སྐྱེས་དེ་ ག་དེ་སྦེ་ ཤོར་སོཔ་ཨིན་ན་ཚུ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།

རྫོང་ཁག་ཁྲིམས་འདུན་གྱི་ ས་ཁོངས་ནང་ དོ་དམ་འོག་ལུ་ཡོད་མི་ཚུ་ བཙུགས་བཞག་ས་ཡོད་དེ་འབད་རུང་ ཁྲིམས་ཁང་གི་སྒོ་ཁར་ལྷོདཔ་ད་ ཁོང་གི་ལགཔ་ཁར་ཡོད་མི་ ལྕགས་ཚུ་ཡང་ འཕུད་དགོཔ་མ་ཚད་ ཁྲིམས་ཁང་གི་སྒོ་ཁར་ སྒྲིག་གཡོག་ནང་ཡོད་མི་ ཁྲིམས་སྲུང་འགག་པ་ཚུ་དང་གཅིག་ཁར་ སྡོདཔ་ཨིན་པས།

གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་པ་དང་ བྱོག་འགྱོ་མི་ཉེས་ཅན་གཉིསཔོ་དེ་ ཁྲིམས་ཁང་གི་སྦོ་ལོགས་ཁར་ སྙན་གསན་འབད་བར་འགྱོ་ནི་སྦེ་ སྒུག་སྡོད་པའི་སྐབས་ ཕོ་སྐྱེས་དེ་གིས་ ལྕགས་སྐུད་རཝ་གུ་ལས་འཛེགས་ཏེ་ ལུང་བསྟན་ཟམ་པ་ སློབ་གྲྭའི་རཝ་གུ་ལས་ མཆོངས་ཏེ་ བྱོག་ཡར་སོ་ཡི་ཟེར་ཨིན་པས།

ས་གནས་ནང་ཡོད་མི་ ཁྲིམས་སྲུང་འགག་པ་གིས་ བདའ་འབག་སྟེ་ བཟུང་ནིའི་དཔའ་བཅམ་རུང་ བཟུང་མ་ཚུགས་ཟེར་ཨིན་པས།

ཁྲིམས་སྲུང་འགག་པ་ཚུ་གིས་འབད་བ་ཅིན་ དོ་དམ་འོག་ལུ་ཡོད་མི་ཚུ་ ཁྲིམས་ཁང་ནང་ སྙན་གསན་ཡོད་པ་ཅིན་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ཁར་ ཁྲིམས་ཁང་ནང་ འཁྱིད་འགྱོ་དོ་ཡོདཔ་ལས་ དེ་ཚེ་གི་རྐྱེན་ངན་དེ་ དྲོ་པའི་ཆུ་ཚོད་ཕྱེད་དང་༡༡ ལུ་ བྱུང་ཡོདཔ་ཨིན་པས།

དེ་ཚེ་ར་ ཁྲིམས་སྲུང་འགག་པ་ཚུ་ ས་གནས་ནང་བཙུགས་ཏེ་ འཚོལ་ནི་དཔའ་བཅམ་ཡོད་རུང་ འཚོལ་མ་ཐོབ་ལས་ ཁྲིམས་སྲུང་འགག་པའི་ཁ་ཐུག་ལས་ འབད་དགོཔ་ག་ཅི་ཡོདཔ་ཨིན་ན་ དེ་ཚུ་ ག་ར་འབད་དེ་ཡོད་ཟེར་ཨིན་པས།

ཁྲིམས་སྲུང་འགག་པ་ཚུ་གིས་ ཁ་ཙ་ཡང་ བྱོག་འགྱོ་མི་ཕོ་སྐྱེས་དེ་ འཚོལ་བཞིན་དུ་ཡོད་ཟེར་ཨིན་པས།

དོགས་ཅན་ཕོ་སྐྱེས་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་ཏེ་ ཟླཝ་༢ ལྷགཔ་ཅིག་ ལང་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *