སྣ་མང་ཞབས་ཏོག་ལྟེ་བ་ གཞི་བཙུགས་འབད་མི་ བྲག་སྟེང་རྒེད་འོག་སྒྲིང་ཁྱིམ།

བྲག་སྟེང་རྒེད་འོག་ནང་ སྣ་མང་ཞབས་ཏོག་ལྟེ་བ་ གཞི་བཙུགས་འབད་ཡོདཔ།

༉ ཀྲོང་གསར་ བྲག་སྟེང་རྒེད་འོག་གི་ མི་སེར་ཚུ་གིས་ ད་ལས་ཕར་ རྒེད་འོག་ནང་ལས་ ཞབས་ཏོག་ཚུ་ ག་ཅི་ར་ལེན་དགོ་རུང་ ཕར་ཚུར་འགྱོ་མ་དགོ་པར་ ས་གོ་གཅིག་ནང་ལས་ འཐོབ་ཚུགས་ནིའི་དོན་ལུ་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ སྣ་མང་ཞབས་ཏོག་ལྟེ་བ་ འགོ་འབྱེད་འབད་ཡི།

ད་ལྟོ་ཚུན་ རྒེད་འོག་ནང་ ཞབས་ཏོག་བྱིན་མི་ཡིག་ཚང་ཚུ་ ས་གནས་ཁག་ཚུ་ནང་ཨིནམ་ལས་ མི་སེར་ཚུ་ ཞབས་ཏོག་ལེན་ནི་ལུ་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།

བྲག་སྟེང་རྒེད་འོག་བདག་སྐྱོང་གི་ རང་བཞིན་སླར་འབྱུང་མཐུན་རྐྱེན་ཡིག་ཚང་དང་ རྒེད་འོག་བདག་སྐྱོང་ དེ་ལས་ མི་སྡེ་ཞབས་ཏོག་ལྟེ་བའི་ཞབས་ཏོག་ཚུ་ ས་གོ་གཅིག་ནང་ལས་ འཐོབ་ཚུགས་ནིའི་དོན་ལུ་ ཡིག་ཚང་གསརཔ་ཅིག་ སྒོ་ཕྱེས་ཡོདཔ་ཨིན་པས།

བྲག་སྟེང་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ས་གནས་ཀྱི་མི་ཚུ་གིས་ ཡིག་ཆ་ཚུ་ འདྲ་བཤུས་རྐྱབ་ནིའི་དོན་ལུ་ མི་སྡེ་ལྟེ་བ་ནང་ འགྱོ་དགོཔ་ད་ དེའི་ཤུལ་ལུ་ རྒེད་འོག་ཡིག་ཚང་ནང་ འོང་དགོཔ་ལས་ དུས་ཚོད་མངམ་ འགོརཝ་མས་ཟེར་ཨིནམ་ད་ ཞབས་ཏོག་བྱིན་མི་ཚུ་ག་ར་ ས་གནས་ཅིག་ནང་ཡོད་པ་ཅིན་ སྟབས་བདེ་ནི་མས་ཟེར་ཨིན་པས།

ད་རེས་ རྒེད་འོག་ཡིག་ཚང་དེ་ ས་གནས་གོ་དོག་དྲགས་ཅིག་ནང་ཡོདཔ་ད་ མི་ཚུ་ལུ་ ཞབས་ཏོག་བྱིན་ནིའི་དོན་ལས་ ས་ཁོངས་སྦོམ་དགོཔ་ཨིན་པས།

རྒེད་འོག་ལྟེ་བའི་ནང་ ཞབས་ཏོག་ཚུ་ག་ར་ སྒྲིང་ཁྱིམ་གཅིག་ནང་ལས་ འཐོབ་ཚུགསཔ་བཟོ་མི་དེ་ རྒེད་འོག་༢༠༥ ནང་ འགོ་དང་པ་འོང་ནི་ཨིན་པས།

ཡིག་ཚང་དེ་ནང་ མི་སྡེའི་ཞབས་ལྟེ་བ་ སྒོ་ནོར་དང་ སོ་ནམ་ ནགས་ཚལ་ ཚོགས་པའི་ཡིག་ཙང་ དེ་ལས་ དངུལ་འབྲེལ་ཞབས་ཏོག་དང་ དངུལ་བཏོན་འཕྲུལ་ཆས་ཚུ་ གཞི་བཙུགས་འབད་ནི་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ མ་འོངས་པ་ལུ་ འདེམས་ཁོངས་ནང་གི་ སྤྱི་ཚོགས་འཐུས་མི་ཚུ་གིས་ ཡིག་ཚང་གཞི་བཙུགས་འབད་ནི་ཡོད་པ་ཅིན་ ས་གོ་ཡོད་ཟེར་ཨིན་པས།

གཡུས་ས་ལས་ དབྱངས་སྒྲོན་གྱིས་ སླབ་མིའི་ནང་ ཡིག་ཚང་ག་ར་ ས་གོ་ཅིག་ནང་ཡོད་པ་ཅིན་ མི་སེར་ཚུ་གིས་ ཞབས་ཏོག་ལེན་ནི་ལུ་ ཕན་ཐོགས་འབྱུང་ནི་དང་ ད་རེས་ཡིག་ཚང་ཚུ་ ས་གནས་ཁག་ཚུ་ནང་ཡོདཔ་ལས་ མི་ཚུ་ ཞབས་ཏོག་ལེན་ནི་ལུ་ དུས་ཡུན་འགོརཝ་མས་ཟེར་ཨིན་པས།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ས་གནས་ཀྱི་མི་ཚུ་གིས་ དངུལ་འབྲེལ་ཞབས་ཏོག་ལེན་ནིའི་དོན་ལུ་ ཀྲོང་གསར་དང་ དྭངས་གདུང་ལུ་འགྱོ་དགོཔ་ད་ ཡིག་ཚང་གསརཔ་དེ་ནང་ དངུལ་འབྲེལ་ཞབས་ཏོག་ཚུ་བཙུགས་པ་ཅིན་ དཀའ་ངལ་དེ་ བསལ་ཚུགས་ནི་ཨིན་པའི་ཁར་ ས་གནས་གཞན་ཁར་ འགྱོ་མི་དགོ་ནི་ཨིན་པས།

ད་ལྟོ་ཡོད་མི་ ཡིག་ཚང་རྙིངམ་དེ་ ཞལ་འཛོམས་ཁང་དང་ ཁང་མིག་༢ སྒོ་ནོར་གྱི་སྨན་བཞག་ས་དང་ སྒོ་ནོར་ཞབས་ཏོག་ཚུ་ བྱིན་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།

རྒེད་འོག་ཡིག་ཚང་དེ་ སྤྱི་ལོ་༢༠༡༩ ལས་ འགོ་བཙུགས་ཡོདཔ་ད་ དེའི་དོན་ལུ་ རྒེད་འོག་བདག་སྐྱོང་གིས་ དངུལ་ཀྲམ་ས་ཡ་༡༠ དེ་ཅིག་ ཟད་འགྲོ་བཏང་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *