འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཐལ་མི་ ཁ་སྨད་ཐང་སྤྱི་འོག་གི་ སོ་ནམ་ཞིང་ལམ།

བྱེམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་གིས་ ཁ་སྨད་ཐང་སྤྱི་འོག་གི་ ཞིང་ལམ་མེདཔ་བཏང་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ཕུན་ཚོགས་ཐང་རྒེད་འོག་ ཁ་སྨད་ཐང་སྤྱི་འོག་གི་ ཞིང་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཐལ་མི་དེ་ བྱེམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ལུ་བརྟེན་ཨིན་ཟེར་ མི་སེར་ཚུ་གིས་ ཁ་བཏངམ་ཨིན་པས།
ཁ་སྨད་ཐང་ལས་ སྐྱེས་ལོ་༢༧ ལང་མི་ བསྟན་འཛིན་ཚེ་དབང་གིས་ སླབ་མིའི་ནང་ འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཐལ་མི་ལུ་བརྟེན་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་དང་ ནདཔ་གཞན་ཚུ་ སྨན་ཁང་ནང་ བསྐྱལ་བའི་སྐབས་ ཉེན་ཁ་ཡོདཔ་མ་ཚད་ དུས་ཚོད་ཡང་ ལེ་ཤ་འགོརཝ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ སྤྱི་འོག་གི་ ཚོགས་པ་བརྒྱུད་དེ་ རྒེད་འོག་བདག་སྐྱོང་ལུ་ ཚར་ལེ་ཤ་སྙན་ཞུ་འབད་ཡོད་རུང་ ག་ནི་ཡང་ འབད་ནི་མིན་འདུག་ཟེར་ཨིནམ་ད་ སྤྱི་འོག་གི་ ཞིང་ལམ་མེདཔ་བཏང་མི་དེ་ རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ བྱེམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ རྒྱུན་འགྲུལ་འཐབ་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་ འབད་བ་ཅིན་ ཞིང་ལམ་བདའ་སྟེ་ གཡུར་བ་མེད་མི་དེ་གིས་ཡང་ ལམ་གྱི་གནས་སྟངས་སྐྱོ་དྲགས་ཐལ་ནུག་ཟེར་ཨིནམ་ད་ རྒེད་འོག་བདག་སྐྱོང་དང་ ཡང་ཅིན་ རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ འཁོར་ལམ་ཉམས་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།
སྐྱེས་ལོ་༥༡ ལང་མི་ སོ་ནམ་པ་ ར་བི་ལཱལ་ཨ་དི་ཀ་རི་གིས་ སླབ་མིའི་ནང་ ཁ་སྨད་ཐང་སྤྱི་འོག་ནང་ ཕུན་ཚོགས་ཐང་དང་ བསམ་རང་ མར་ཚ་ལ་དང་ པདྨ་ཐང་རྒེད་འོག་༤ གི་ དུར་ཁྲོད་ཡོདཔ་བཞིན་དུ་ ད་རེས་ འཁོར་ལམ་ལེགས་ཤོམ་མེད་མི་ལུ་བརྟེན་ དུར་ཁྲོད་ཀྱི་ ཁེ་ཕན་སྤྱོད་མ་ཚུགས་པའི་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞིང་ལམ་དེ་ ངོ་མ་ར་ སོ་ནམ་ལཱ་གི་དོན་ལུ་ཨིནམ་བཞིན་དུ་ ཊཱག་ཚུ་གིས་ བྱེམ་སྐྱེལ་འདྲེན་འབད་མི་དེ་ ཚོང་འབྲེལ་གྱི་དོན་ལུ་ཨིནམ་ལས་ མི་ཚུ་གིས་ འཁོར་ལམ་དེ་ཁ་ལས་ ཊཱག་ཚུ་ རྒྱུན་འགྲུལ་འཐབ་ཆོག་པའི་ གནང་བ་མ་སྤྲོད་རུང་ རྒེད་འོག་གི་ ཁ་ཐུག་ལས་ སྤྲོད་ཡོད་མེད་ ཧ་མ་གོ་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༤༧ ལང་མི་ བློ་གྲོས་བཟང་མོ་གིས་ སླབ་མིའི་ནང་ འཁོར་ལམ་སྐྱོ་དྲགས་ཡོད་མི་ལུ་བརྟེན་ སྣུམ་འཁོར་ཚུ་གིས་ མི་ཤི་མི་གི་ཕུངམ་ཚུ་ མེ་སྦྱང་གི་དོན་ལས་ དུར་ཁྲོད་ལུ་ བསྐྱལ་བར་འགྱོ་མ་བཏུབ་པའི་ཁར་ ག་དེམ་ཅིག་སྦེ་འགྱོ་རུང་ གླ་ཆ་ལོག་ལྟབ་སྦེ་ ལེནམ་མས་ཟེར་ཨིན་པས།
མོ་གིས་ འབད་བ་ཅིན་ སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་ཨ་ལོ་ཚུ་ལུ་ འཕྲལ་འཕྲལ་ཆརཔ་རྐྱབ་པའི་སྐབས་ ཆུ་གཏོར་བྱིན་ནི་དང་ ཆརཔ་མ་རྐྱབ་ད་ ཐལཝ་ལུ་བརྟེན་ དཀའ་ངལ་ཡོདཔ་ལས་ འཁོར་ལམ་ཉམས་བཅོས་འབད་ནི་དེ་ རྒེད་འོག་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་༢ ལས་ ག་ལུ་ཕོགཔ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
ཁ་སྨད་ཐང་སྤྱི་འོག་ཚོགས་པ་ ཀརྨ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ འཁོར་ལམ་དེ་ རྩིས་ལོ་༢༠༡༩-༢༠ ལུ་ ཉམས་བཅོས་འབད་ནིའི འཆར་གཞི་ཡོདཔ་བཞིན་དུ་ ཞིང་ལམ་མེདཔ་ཐལ་མི་དེ་ བྱེམ་སྐྱེལ་འདྲེན་འབད་མི་ ཊཱག་ཚུ་ལུ་བརྟེན་ཨིན་རུང་ རྒྱུན་འགྲུལ་བཀག་འཛིན་འབད་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཁོར་ལམ་ཉམས་བཅོས་འབད་དགོ་པའི་སྐོར་ ལས་འཛིན་གྱི་ འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་བའི་སྐབས་ ཁོང་གིས་ མ་དངུལ་མེདཔ་སྦེ་ སླབ་དེས་ཟེར་ཨིནམ་ད་ ཉིནམ་༡ ནང་ བྱེམ་སྐྱེལ་འདྲེན་འབད་མི་ ཊཱག་༩ དང་༡༠ དེ་རེ་དང་ རེས་གཟའ་ཟླ་བ་ལུ་ ཊཱག་༢༠ དེ་རེ་ རྒྱུན་འགྲུལ་འབདཝ་མས་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ གནད་དོན་དེ་ རྒེད་འོག་བདག་སྐྱོང་ལུ་ཡང་ སྙན་ཞུ་འབད་ཡོདཔ་བཞིན་དུ་ རྒེད་འོག་གིས་ཡང་ ལས་འཛིན་ལུ་ ཡི་གུ་བཏང་ཡི་ཟེར་ཨིནམ་ད་ ལས་འཛིན་གྱིས་ ཉམས་བཅོས་འབད་ནི་སྦེ་ ཁ་བཟེད་ཡོད་རུང་ ད་ལྟོ་ ག་ནི་ཡང་ འབད་མ་བཏུབ་ཟེར་ཨིན་པས།
ཕུན་ཚོགས་ཐང་རྒཔོ་ འཇམ་དབྱངས་རྒྱལ་མཚན་གྱིས་ སླབ་མིའི་ནང་ བྱེམ་དེ་ རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ཨིན་རུང་ ལས་འཛིན་གྱིས་ གཞན་ཅིག་ལུ་ སྤྲོད་ཡོདཔ་བཞིན་དུ་ ད་རུང་ ཁོ་གིས་ཡང་ ཁག་འབགཔ་གཞན་ཅིག་ལུ་ སྤྲོད་ཡོདཔ་ད་ ཁོང་གིས་ ཉམས་བཅོས་འབད་ནི་སྦེ་ སླབ་ཡོད་རུང་ འབད་ནི་མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཞིང་ལམ་དེ་ལས་ བྱེམ་སྐྱེལ་འདྲེན་འབད་ནིའི་ཐད་ཁར་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་མ་འབད་བའི་ཁར་ གནད་དོན་དེ་གི་སྐོར་ལས་ རྒེད་འོག་བདག་སྐྱོང་ལུ་ཡང་ སྙན་ཞུ་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།
འཕྲལ་མགྱོགས་ར་ མི་སེར་དང་ ལས་འཛིན་གྱི་ འགོ་དཔོན་ཚུ་དང་གཅིག་ཁར་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཐོག་ གྲོས་བསྟུན་འབད་དེ་ གན་ཡིག་ཅིག་ཡང་ བཟོ་ནི་ཟེར་ རྒཔོ་འཇམ་དབྱངས་རྒྱལ་མཚན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ཆོས་གླིང་།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *