བྱེམ་བཀྲམ་སྤེལ་གྱི་ ལམ་ལུགས་གསརཔ་གིས་ སྤྱིར་བཏང་མི་མང་ལུ་ ཕན་ཁྱད་འབྱུང་ནི།

༉ བྱེམ་བཀྲམ་སྤེལ་ནང་ བར་མི་མ་དགོཔ་སྦེ་ བཟོ་ཡོདཔ་ལས་ ད་ལས་ཕར་ ལམ་ལུགས་གསརཔ་དེ་གིས་ མི་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་ད་ ལམ་ལུགས་དེའི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ རང་བཞིན་ཐོན་སྐྱེད་གོང་འཕེལ་ཚད་འཛིན་གྱིས་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ མི་མང་ལུ་ གསལ་བཤད་འབད་ཡི།
དེ་བསྒང་ རང་བཞིན་ཐོན་སྐྱེད་གོང་འཕེལ་ཚད་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ལམ་ལུགས་གསརཔ་དེ་ མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལས་ བཟོ་ཡོདཔ་ལས་ དེ་གིས་ ཕན་ཐོགས་སྦོམ་འབྱུང་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ཐིམ་ཕུག་རྐྱངམ་གཅིག་ལུ་ར་ བཟོ་སྐྲུན་ས་ཁོངས་༢༤༠ ཡོདཔ་ལས་ ལམ་ལུགས་དེ་གིས་ ཁོང་ལུ་ཕན་ཐོགས་འབྱུང་ཚུགས་ཟེར་ཨིནམ་ད་ བར་མི་བཙུགས་མི་དེ་གིས་འབད་བ་ཅིན་ བྱེམ་ཉོ་མི་ མ་ཐོནམ་ལས་ར་ གསོག་འཇོག་འབད་བཞག་པའི་སྐབས་ མི་ཚུ་གིས་ གོང་ཚད་མཐོ་རུང་ ཐབས་མེད་པར་ ཉོ་དགོཔ་ཐོནམ་མས་ཟེར་ཨིན་པས།
ཨེ་ཏོག་མེ་ཏོག་ལས་སྡེའི་ འཛིན་སྐྱོང་མདོ་ཆེན་ དར་མགོ་བུ་དར་གྱིས་ སླབ་མིའི་ནང་ མོ་གིས་ འདས་པའི་ལོ་༨ དེ་ཅིག་གི་ནང་འཁོད་ལུ་ སྒྲིང་ཁྱིམ་༧ དེ་ཅིག་ བཟོ་སྐྲུན་འབད་བའི་ ཉམས་མྱོང་དང་འཁྲིལ་བ་ཅིན་ བྱེམ་ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ བཟོ་སྐྲུན་ལཱ་འབད་བའི་སྐབས་ལུ་རྐྱངམ་གཅིག་ ཧ་གོ་ཚུགས་ཟེར་ཨིན་པས།
དེ་བསྒང་ བྱེམ་དགོཔ་ཐོན་ནི་དེ་གིས་ བྱེམ་བཀྲམ་སྤེལ་འབད་མི་ བར་མི་ཚུ་ལས་ ཐབས་མེད་ཉོ་དགོཔ་ཐོན་ཡི་ཟེར་ཨིནམ་ད་ ད་རེས་ཀྱི་ ལམ་ལུགས་དེ་གིས་ དེ་བཟུམ་གྱི་བྱ་སྟབས་ མ་བདེཝ་ཚུ་ སེལ་ཚུགས་པའི་ གོ་སྐབས་འདུག་ཟེར་ དར་་མགོ་བུ་དར་གྱིས་བཤད་ཅི།
ད་རེས་ཀྱི་ ལམ་ལུགས་དང་འཁྲིལ་བ་ཅིན་ བདུན་ཕྲག་༡ ལུ་ ལཱ་འབད་སའི་ས་ཁོངས་རེ་ནང་ བྱེམ་སྣུམ་འཁོར་ཊག་༢ དེ་རེ་ འཐོབ་ནི་ཨིནམ་ད་ དེའི་རིན་ཡང་ ལས་འཛིན་ལུ་ ཐད་ཀར་དུ་ སྤྲོད་ཚུགས་ནི་ཨིནམ་ལས་ ལས་འཛིན་གྱིས་ སྐྱེལ་འདྲེན་གྱི་འཐུས་ཚུ་ བྱེམ་སྐྱེལ་མི་ཚུ་ལུ་ སྤྲོད་ནི་ཨིན་པས།
དེ་འབདཝ་ད་ དར་མགོ་བུ་དར་གྱིས་ སླབ་མིའི་ནང་ བྱེམ་བགོ་བཀྲམ་དེ་ བཟོ་སྐྲུན་གྱི་ ཚད་གཞི་དང་བསྟུན་ བཀྲམ་སྤེལ་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ལ་ལོ་ཅིག་ ས་ཁོངས་ཆུང་ཀུ་ཨིན་རུང་ བྱེམ་འདྲན་འདྲ་སྦེ་ར་ བཀྲམ་སྤེལ་འབདཝ་ད་ བྱ་སྟབས་མི་བདེཝ་འོང་ཟེར་ ཨིན་པས།
ལས་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ དེའུ་ཀུ་མར་ བིས་ཝ་གིས་ སླབ་མིའི་ནང་ དེའི་ཐད་ཁར་ ལས་འཛིན་གྱིས་ ལྟ་ཞིབ་འབད་ཐོག་ལས་ བྱེམ་མངམ་དགོ་མི་ཚུ་ལུ་ བྱིན་འོང་ཟེར་ཨིནམ་ད་ ལམ་ལུགས་དེ་གིས་ བྱམ་དེ་ ཡུན་བརྟན་གྱི་ཐོག་ལས་ བཀྲམ་སྤེལ་འབད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ལས་འཛིན་གྱིས་ བྱེམ་སྤུས་ཚད་ཅན་ བཀྲམ་སྤེལ་འབད་ནིའི་དོན་ལུ་ འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ཨིནམ་ད་ ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བྱེམ་དེ་ གནམ་བྱཱར་ཆུ་གིས་ འཕྱག་བདའ་འོང་དོ་ཡོད་མི་ལུ་བརྟེན་ འོང་འབབ་ག་དེམ་ཅིག་ བཟོ་ཚུགས་ཚུགསཔ་ཅིག་ བཟོ་དགོ་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *