བྱེམ་བཀྲམ་སྤེལ་འབད་བའི་བསྒང་།

བྱེམ་གྱི་གོང་ཚད་དང་ སྐྱེལ་འདྲེན་གྱི་གླ་ཆ་ བསྐྱར་ཞིབ་འབད་ནིའི་དོན་ལུ་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནི།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ བྱེམ་གྱི་གོང་ཚད་དང་ སྐྱེལ་འདྲེན་གྱི་གླ་ཆ་ཚུ་ བསྐྱར་ཞིབ་འབད་ནི་ལུ་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དེ་ཡང་ རང་བཞིན་ཐོན་སྐྱེད་ལས་འཛིན་གྱིས་ བྱེམ་སྐྱེལ་འདྲེན་འབད་ནི་ལུ་ ལམ་ལུགས་གསརཔ་བཟོ་ཡོད་མི་ལུ་བརྟེན་ སྣུམ་འཁོར་ཊཱག་གི་ ཇོ་བདག་ཚུ་དང་གཅིག་ཁར་ ཚར་༣ དེ་ཅིག་ ཕྱད་ཡོདཔ་བཞིན་དུ་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ གནད་དོན་དེ་ བལྟ་དགོ་པའི་སྐོར་ལས་ སླབ་ཡོད་པའི་ཤུལ་ལས་ གྲོས་བསྟུན་འབད་ནུག་ཟེར་ཨིན་པས།
བྱེམ་ཚུ་ གོང་ཚད་མཐོ་དྲགས་སྦེ་ ཚོང་སྒྱུར་འཐབ་ནི་དེ་ ཁྲིམས་འགལ་ཨིན་པའི་ཁར་ གལ་སྲིད་ དེ་བཟུམ་འབད བ་ཅིན་ འབྲེལ་ཡོད་དབང་འཛིན་ལུ་ སྙན་ཞུ་འབད་དགོ་པའི་ཁར་ བྱེམ་ཚོང་སྒྱུར་འཐབ་དགོ་པ་ཅིན་ ཆོག་ཐམ་དགོཔ་ཨིན་རུང་ སྣུམ་འཁོར་གྱི་ ཇོ་བདག་ཚུ་ལུ་ མེད་ཟེར་ཨིན་པས།
ལས་འཛིན་གྱིས་ དབང་འདུས་དང་ སྤུ་ན་གཙང་ཆུ་ལས་ ཤར་ལུང་ཕྱོགས་ནང་ བྱེམ་བཀྲམ་སྤེལ་འབད་ནིའི་དོན་ལུ་ ལམ་ལུགས་གསརཔ་ འགོ་བཙུགས་མི་ལུ་བརྟེན་ བྱེམ་བཀྲམ་སྤེལ་འབད་མི་དང་ སྣུམ་འཁོར་ཊཱག་གི་ ཇོ་བདག་ཚུ་ ད་རེས་ནངས་པར་ སེམས་དང་མ་ལྡན་པར་ ཡོདཔ་ཨིན་པས།
དེ་ཡང་ དབང་འདུས་ལས་ ཐིམ་ཕུག་ཚུན་ བྱེམ་སྐྱེལ་འདྲེན་འབད་བའི་སྐབས་ བཟོ་སྐྲུན་འབད་མི་ ཇོ་བདག་ཚུ་གིས་ བྱེམ་གྱི་དགོས་མཁོ་ཚུ་ བྱེམ་སྐྱེལ་འདྲེན་པ་ཚུ་ལུ་མེན་པར་ ལས་འཛིན་ལུ་བྱིན་དགོཔ་ལས་ སྣུམ་འཁོར་གྱི་ སྐྱེལ་འདྲེན་གླ་ཆ་ཚུ་ ལས་འཛིན་བརྒྱུད་དེ་ ལེན་དགོ་ནི་དེ་གིས་ཨིནམ་ད་ གནད་དོན་དེའི་སྐོར་ལས་ སྣུམ་འཁོར་ཊཱག་གི་ ཇོ་བདག་༡༠༠ དེ་ཅིག་གིས་ གཞུང་ལུ་ཡང་ སྙན་ཞུ་འབད་ནུག།
དབང་འདུས་ལས་ བྱེམ་བཀྲམ་སྤེལ་འབད་ནིའི་ ལམ་ལུགས་གསརཔ་དེ་ཡང་ ལས་འཛིན་གྱིས་ དུས་ཅི་ སྤྱི་ཟླ་དང་པ་ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ད་ ཇོ་བདག་༡༠༡ དེ་ཅིག་གིས་ མཚན་རྟགས་བཀོད་ཐོག་ལས་ བློན་ཆེན་ལུ་ ཧེ་མའི་ ལམ་ལུགས་དེ་ར་ བཞག་གནང་ཟེར་ ཡི་གུ་ཕུལ་མི་དེ་ཡང་ ལས་འཛིན་དེ་ འབྲེལ་གཏོགས་མེད་པར་ བྱེམ་ཚུ་ ཐད་ཀར་དུ་ སྐྱེལ་འདྲེན་པ་ཚུ་ལས་ ཉོ་དགོཔ་སྦེ་ཨིན་པས།
སྣུམ་འཁོར་ཊཱག་གི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ ལས་འཛིན་གྱིས་ སྐྱེལ་འདྲེན་གྱི་གླ་ཆ་ལས་ ཞབས་ཏོག་གི་འཐུས་ བརྒྱ་ཆ་༡ བཏོགས་བཞགཔ་མས་ཟེར་ཨིནམ་ད་ ལས་འཛིན་གྱིས་ ལམ་ལུགས་གསརཔ་དེ་ འགོ་བཙུགས་ནི་ལུ་ འཆར་གཞི་རྩམ་པའི་སྐབས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ཁྲི་འཛིན་ལུ་ འབྲེལ་ཡོད་ཚུ་གི་བར་ན་ མོས་མཐུན་མ་འགྱོ་ཚུན་ ལམ་ལུགས་རྙིངམ་དེ་ར་ ལག་ལེན་འཐབ་དགོ་སྦེ་ ཡི་གུ་ཅིག་ཡང་ བཏང་ཡོདཔ་ཨིན་པས།
དྲུང་ཆེན་གྱི་ ཡི་གུ་ནང་བཀོད་མིའི་ནང་ བྱེམ་གྱི་གོང་ཚད་དང་ ལྟ་རྟོག་ལམ་ལུགས་ཀྱི་ཐད་ཁར་ མཉམ་འབྲེལ་ཐོག་ལས་ གྲོས་བསྟུན་འབད་དགོཔ་སྦེ་ གོང་ཚད་ཚུ་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་༢ ཀྱིས་ ཐག་བཅད་འོང་ཟེར་ཨིན་པས།
གོང་གི་གནད་དོན་དང་ བློན་ཆེན་གྱིས་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ སོ་ནམ་ལྷན་ཁག་གིས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལུ་ ལམ་ལུགས་གསརཔ་གི་ཐད་ཁར་ འབྲེལ་ཡོད་ཚུ་གི་བར་ན་ མོས་མཐུན་འབྱུང་ནིའི་དོན་ལུ་ མཉམ་འབྲེལ་བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ དྲུང་ཆེན་གྱི་ ཡི་གུ་ནང་བཀོད་ནུག།
ཨིན་རུང་ ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ཧེ་མ་ གཞུང་དང་ ལས་འཛིན་གྱི་བར་ན་ གོ་བ་བརྡ་ལོག་འགྱོ་མི་ཚུ་ སེལ་ཐོག་ལས་ ད་ལྟོ་ ཁ་འཆམ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལམ་ལུགས་གསརཔ་དེ་གིས་ བྱེམ་མཁོ་འདོད་བཀོད་མི་ཚུ་ལུ་ བྱེམ་གོང་ཚད་ཀྱི་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ རང་བཞིན་གྱི་ ཐོན་སྐྱེད་ནང་ ཊཱག་གི་ཇོ་བདག་ཚུ་གིས་ ཁོང་རང་གི་ བདག་དབང་བཟུང་སྟེ་ སྡོད་ནུག་ཟེར་ཨིན་པས།
སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་གིས་ སྣུམ་འཁོར་གྱི་ ཇོ་བདག་ཚུ་ལུ་ ཚད་འཛིན་འབད་དགོཔ་མེད་ཟེར་ཨིནམ་ད་ ལས་འཛིན་གྱིས་ ཊཱག་གི་གྱངས་ཁ་དང་འཁྲིལ་ཏེ་ ཚད་གཞི་བཟོ་དགོཔ་མེད་ཟེར་ སླབ་པའི་སྐབས་ གཞུང་གིས་འབད་རུང་ ལམ་ལུགས་གསརཔ་དེ་ལུ་ ངོས་ལེན་འབད་ཡི་ཟེར་ཨིན་པས།
ལམ་ལུགས་གསརཔ་དེ་ འགོ་མ་བཙུགས་པའི་ཧེ་མར་ བློན་པོ་གིས་ བཤད་མིའི་ནང་ སྐྱེལ་འདྲེན་པ་ཚུ་གིས་ བྱེམ་གྱི་གོང་ཚད་ཚུ་ ཡར་སེང་འབད་དོ་ཡོདཔ་ལས་ ད་རེས་ ལམ་ལུགས་གསརཔ་དེ་གིས་ གོང་ཚད་ཚུ་ དམ་འཛིན་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
ཊཱག་གི་ཇོ་བདག་ཚུ་གིས་ བདུན་ཕྲག་༡ གི་ནང་འཁོད་ལུ་ བྱེམ་དོ་ཚར་༢ ལས་བརྒལ་ འབག་མ་ཆོགཔ་སྦེ་ ཉོགས་བཤད་བཀོད་མིའི་ཐད་ཁར་ སོ་ནམ་བློན་པོ་གིས་ འབད་བ་ཅིན་ ཇོ་བདག་ཚུ་གིས་ བྱེམ་ག་དེམ་ཅིག་ སྐྱེལ་འདྲེན་འབད་རུང་ འབད་ཆོག་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༦ ལུ་ ལས་འཛིན་གྱིས་ ལམ་ལུགས་གསརཔ་ འགོ་བཙུགས་ནིའི་སྐོར་ལས་ ཁྱབ་བསྒྲགས་འབད་ནུག།
བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ལས་འཛིན་གྱི་ ལཱ་འགན་དེ་ ཚོང་འབྲེལ་འབད་མི་ ལས་སྡེ་ཅིག་ཨིན་པའི་ཁར་ གཞུང་གིས་འབད་བ་ཅིན་ ཚོང་འབྲེལ་པ་ཚུ་ལུ་ རྒྱབ་སྐྱོར་བྱིན་མི་ཟེར་ཨིནམ་བཞིན་དུ་ ལམ་ལུགས་དེ་ འགོ་མ་བཙུགས་པའི་ཧེ་མ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
སྣུམ་འཁོར་ཊཱག་གི་ ཇོ་བདག་ཚུ་གིས་ བཤད་མིའི་ནང་ ལམ་ལུགས་གསརཔ་དེ་གིས་ འཚོ་བའི་གནས་སྟངས་ལུ་ སྟབས་མ་བདེཝ་དང་ དཀའ་སྡུག་སྦོམ་སྦེ་ར་ བྱུང་ཏེ་ཡོད་ཟེར་ཨིན་པས།
སྤྱི་ཟླ་དང་པའི་ཚེས་༢༥ ལུ་ ཀུན་གསལ་གྱིས་ སྣུམ་འཁོར་ཊཱག་གི་ ཇོ་བདག་༡༠ དང་གཅིག་ཁར་ ཕྱད་པའི་སྐབས་ ཁོང་གིས་ སླབ་མིའི་ནང་ གལ་སྲིད་ ལམ་ལུགས་གསརཔ་དེ་ བསྟར་སྤྱོད་འབད་བ་ཅིན་ དངུལ་ཁང་ཚུ་ནང་ སྐྱིན་འགྲུལ་ཚུ་ཡང་ བཏབ་མ་ཚུགས་པའི་ དཀའ་ངལ་འབྱུང་ནི་མས་ཟེར་ཨིན་པས།
ན་ཧིང་ བྱེམ་སྐྱེལ་འདྲེན་དེ་ཡང་ བྱེམ་ཊཱག་རེ་ལུ་ གླ་ཆ་དངུལ་ཀྲམ་༧,༧༢༠ ལས་ ད་ལྟོ་ དངུལ་ཀྲམ་༦,༧༧༠ ལུ་ མར་ཕབ་འབད་བའི་ཁར་ བདུན་ཕྲག་༡ ནང་ བྱེམ་དོ་སྐྱེལ་འདྲེན་ཚར་༢ ད་རེ་ སྐྱེལ་འདྲེན་འབད་མ་ཆོགཔ་བཞག་མི་གིས་ ཇོ་བདག་ཚུ་ལུ་ ཟླཝ་རེ་ནང་ དངུལ་ཀྲམ་༥༤,༠༠༠ ལས་བརྒལ་ མི་ཐོབ་པས་ ཊཱག་གི་ཇོ་བདག་ཚུ་གིས་ བཤད་ཅི།
ཨིན་རུང་ ཇོ་བདག་ཚུ་གིས་ གླ་ཆ་མར་ཕབ་འབད་མི་ཚུ་གིས་ དེད་གཡོགཔ་ཚུ་ལུ་ ཉིན་བསྟར་གྱི་ དངུལ་ཕོགས་དང་ སྣུམ་འཁོར་རྒྱུན་སྐྱོང་འབད་ནི་ལས་བརྒལ་ མི་ལང་པས་ཟེར་ཨིན་པས།
བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ ད་རེས་ སྐྱེལ་འདྲེན་གྱི་ གླ་ཆ་མར་ཕབ་འབད་མི་དེ་ཡང་ སྣུམ་འཁོར་གྱི་ མར་ཁུའི་གོང་ཚད་དེ་ མར་བབས་སོང་མི་ལུ་བརྟེན་ཨིན་པས།
ཁོང་གིས་འབད་བ་ཅིན་ ལམ་ལུགས་གསརཔ་དེ་ལུ་བརྟེན་ ཁོ་གིས་ ལས་འཛིན་ལས་ སྐྱེལ་འདྲེན་གླ་ཆ་ འཐོབ་ནི་ལུ་ གདོང་ལེན་བྱུང་བའི་ཁར་ མ་དངུལ་ཚུ་ དངུལ་འབྲེལ་ཁང་ཚུ་ནང་ བཙུགས་འབད་བའི་བསྒང་ལས་ ཉིན་ཕྱེ་དེ་ཅིག་ འགོར་དོ་ཡོདཔ་མ་ཚད་ བྱེམ་ཉོ་མི་ཚུ་ལུ་ཡང་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ལས་འཛིན་དང་འཁྲིལཝ་ད་ བྱེམ་བརྒྱ་ཆ་༦༠-༦༥ དེ་ཅིག་ ཤར་ལུང་ཕྱོགས་ལས་ དབུས་ཕྱོགས་ལུང་ཕྱོགས་༡༡ དང་ ནུབ་ཕྱོགས་ལུང་ཕྱོགས་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་བཞིན་དུ་ བྱེམ་གྱི་གོང་ཚད་དེ་ ལས་འཛིན་གྱི་ གོང་ཚད་ཚོགས་ཆུང་གིས་ བདག་འཛིན་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *