བྱུང་རྐྱེན་ལུ་མེན་པར་ སྔ་གོང་ལས་ ཉེན་སྲུང་གི་ ཐབས་ལམ་བཏོན་དགོཔ།

༉ གསོ་བ་ལྷན་ཁག་གི་ ཁ་ཐུག་ལས་ ང་བཅས་རའི་ ཨ་ལོ་ཚུ་ ཉེན་སྲུང་དང་ལྡནམ་སེྦེ་ བཞག་ཐབསལུ་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་ལས་ ངལ་རངས་དགོ་པའི་ གཞི་གནད་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ད་རེས་ནངས་པར་ སློབ་གྲྭ་དང་ མི་མང་གི་ ས་ཁོངས་ཚུ་ནང་ དབང་བཙོང་འདོད་སྤྱོད་ལ་སོགས་པའི་ བྱ་ངན་འཐབ་མི་ མང་སུ་ཐོནམ་ཨིན་མས།
ད་རེས་ གཞི་བཙུགས་འབད་མི་ ལས་བྱེད་ཚོགས་ཆུང་གིས་ སློབ་གྲྭ་ཚུ་ནང་ ཉེན་སྲུང་གི་ ཐབས་ལམ་ཚུ་ ལག་ལེན་འཐབ་ཐོག་ལས་ བུམོ་ཅུང་ཚུ་གི་ ཉེན་སྲུང་ཡོདཔ་ བཟོ་ནི་ཨིན་མས།
ཉེན་སྲུང་གི་ ཐབས་ལམ་བཏོན་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ སྤ་རོ་ས་མཚམས་མཆོད་རྟེན་ལུ་ སྐྱེས་ལོ་༨ ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ཤུལ་ལུ་ དམར་བསད་འབད་མི་དང་ དར་དཀར་ནང་ལུ་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་ཅིག་ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་མི་ལུ་བརྟེན་ཨིན་མས།
མ་གཞི་ ད་ལྟོ་ བྱ་ངན་ཚུ་ ག་དེ་སྦེ་ འཐབ་ཡོདཔ་ཨིན་ན་དང་ གནོད་འགེལ་འབད་མི་ ག་དང་ག་ར་ཨིན་ན་ ཁྲིམས་སྲུང་འགག་སྡེའི་ཧོངས་ལས་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོད་རུང་ སྐྱོན་བརྗོད་འབད་མི་ཚུ་གིས་ ད་ཚུན་གྱི་བར་ན་ ཉེན་སྲུང་གི་ ཐབས་ལམ་མ་བཏོན་པར་ འབྲེལ་ཡོད་དབང་འཛིན་ཚུ་ ག་ཅི་སྦེ་ ཁ་བརྒྱང་སྡོད་ཡོདཔ་ཨིན་ན་ཟེར་ དྲི་བཀོད་འབད་མི་དེ་ཡང་ འོས་ཁུངས་སྦོམ་འདུག།
སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཤེས་རིག་ལྷན་ཁག་གིས་ ཨ་ལོའི་ཉེན་སྲུང་ལུ་དམིགས་ཏེ་ སྲོབ་ཕྲུག་ཚུ་གིས་གཙོས་པའི་ ཤེས་ཡོན་ལྷབ་མི་དང་ ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་ ན་གཞོན་གྱི་ ལྟེ་བ་ཚུ་ དྲནམ་བཏོན་དགོཔ་བཞིན་དུ་ རྫོང་བདག་དང་ ཁྲོམ་དཔོན་ རྫོང་ཁག་དང་ ཁྲོམ་སྡེ་བདག་སྐྱོང་ དེ་ལས་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་གིས་ སློབ་གྲྭ་ཚུ་ནང་ ཨ་ལོའི་ཉེན་སྲུང་གི་ ཐབས་ལམ་དང་ ལམ་སྟོན་ཚུ་ གཞི་བཙུགས་དགོཔ་སྦེ་ གསལ་བསྒྲགས་འབད་ནུག།
ཉེན་སྲུང་གི་ ཐབས་ལམ་ཚུ་ དབང་བཙོང་འདོད་སྤྱོད་ལ་སོགས་པའི་ བྱ་ངན་ཚུ་ བཀག་ཐབས་ལུ་ཨིན་ན?
ད་ལྟོ་ ཐབས་ལམ་ཚ་བཏོན་པའི་ ནམ་དུས་ལས་ར་ དབང་བཙོང་འདོད་སྤྱོད་རྐྱངམ་གཅིག་གིས་མ་དོ་བར་ རང་བཞིན་གྱི་ རྐྱེན་ངན་དང་ གཙང་ཆུ་ཚུ་ནང་ རྩལ་རྐྱབ་པར་ འགྱོ་ནི་ཚུ་ཡང་ འཛེམ་དགོཔ་སྦེ་ སློབ་གྲྭའི་ལས་བྱེདཔ་དང་ སློབ་ཕྲུག་ དེ་ལས་ ཕམ་ཚུ་ལུ་ དྲན་གསོ་འབད་ནི་དེ་ཡང་ གལ་ཆེཝ་སྦེ་མཐོངམ་མས།
འདས་པའི་བྱུང་རྐྱེན་ཚུ་ལུ་ བལྟ་བ་ཅིན་ བྱ་ངན་མང་ཤོས་ར་ སློབ་གྲྭ་དང་ སྡོད་ཁྱིམ་ཚུ་གི་བར་ན་ བྱུང་ཡོདཔ་ད་ དེ་ཡང་ སློབ་གྲྭ་ནང་འགྱོ་བའི་སྐབས་ ཡང་ཅིན་ སློབ་གྲྭ་མཇུག་བསྡུ་སྟེ་ ཁྱིམ་ནང་འོངམ་ད་ ཁྲིམས་ལུ་འཚེར་སྣང་མེད་མི་ཚུ་གིས་ གོ་སྐབས་ལེན་ཐོག་ལས་ དབང་བཙོང་འདོད་སྤྱོད་ལ་སོགས་པའི་ བྱ་ངན་འཐབ་ཨིན་མས།
འདི་བཟུམ་མའི་ བྱ་ངན་ཚུ་ སྔོན་འགོག་འབད་བ་དགོ་པ་ཅིན་ སློབ་གྲྭའི་སློབ་དཔོན་དང་ ཕམ་ཚུ་གི་ཁ་ཐུག་ལས་ རང་སོའི་ཨ་ལོ་ཚུ་ལུ་ བསླབ་བྱ་དང་ ཁ་བཀོད་ཚུ་ མ་བཏུབ་བཏུབ་སྦེ་ བྱིན་དགོཔ་མ་ཚད་ མཐའ་འཁོར་ལུ་སྡོད་མི་ མི་སྡེ་ཚུ་ལུ་ཡང་ གོ་བརྡ་ཚུ་སྤྲོད་དེ་ ང་བཅས་རའི་ ཨ་ལོ་ཚུ་སྡོད་སའི་ ས་ཁོངས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་བཟོ་དགོཔ་དེ་ཁག་ཆེ།
འདི་དང་གཅིག་ཁར་ མི་སྡེ་ཚུ་གི་ ཁ་ཐུག་ལས་འབད་རུང་ རྒྱལ་ཁབ་ཀྱི་ མ་འོངས་པའི་ གནས་སྟངས་བདག་འཛིན་འཐབ་མི་ ན་གཞོན་ཕོ་མོ་ཚུ་ལུ་ ཉེན་སྲུང་ཡོདཔ་ བཟོ་ཐབས་ལུ་ རྒྱབ་སྐྱོར་དང་ མཉམ་འབྲེལ་གང་དྲགས་འབད་དགོ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *