བྱི་ལོ་ལུ་ ལྷུན་རྩེ་གིས་ གོང་འཕེལ་གྱི་ ལས་སྣ་ཚུ་ལུ་བརྩོན་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ འི་ གནས་སྟངས་ནང་འབད་རུང་ གནམ་ལོ་བྱི་ལོ་སྐབས་ ལྷུན་རྩེ་རྫོང་ཁག་དེ་ གོང་འཕེལ་གྱི་ ལས་སྣ་ཚུ་ལུ་ འདུ་འཛི་ཅན་སྦེ་ འབྲེལ་འཛིན་འབད་སར་མཐོང་གསལ་བྱུང་ཡི།

ལས་སྣ་ཚུ་གི་ནང་ལས་ སྦོམ་ཤོས་ར་ ཕག་གླིང་ཁྲོམ་ཁར་ ཁྲོམ་ལམ་རྒྱ་སྐྱེད་དང་ མཐུན་རྐྱེན་གཞི་བཙུགས་ཀྱི་ ལཱ་འགོ་བཙུགས་མི་དེ་ཨིནམ་ད་ གཞུང་ལམ་བདའ་སྟེ་ གཞུང་ས་གླར་སྤྱོད་འབད་དེ་སྡོད་མི་ ཚོང་པ་༡༡ སྤོ་བཤུད་འབད་བཅུག་ཐོག་ལས་ ཁག་འབག་གི་ ལཱ་འགོ་བཙུགས་ནུག། 

དེ་བཟུམ་སྦེ་ རྫོང་ཁག་གི་ ཡན་ལག་ཁྲོམ་སྦོམ་ཤོས་ ཨའུ་མཚོ་ཁྲོམ་གྱི་དོན་ལུ་ཡང་ གཞུང་གི་ས་ཚན་༤༠ དང་ སྒེར་གྱི་ས་ཚན་༡༤ དེ་ཅིག་ཡོད་མིའི་ནང་ ས་ཚན་གོང་འཕེལ་བཏང་ཡོད་རུང་ ཚོང་པ་ཚུ་ལུ་ ས་ཚན་བགོ་བཀྲམ་འབད་མ་ཚུགས་མི་དེ་ཡང་ རྫོང་ཁག་གིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ ལམ་སྟོན་དང་འཁྲིལ་ བགོ་བཀྲམ་གྱི་ ཁྱད་ཚད་བཟོ་སྟེ་ བཙུགས་མི་དེ་ལུ་ ལྷན་ཚོགས་ལས་ ཆ་འཇོག་གི་ གནང་བ་མ་ལྷོད་ནི་དེ་གིས་ཨིན་པས།

མོང་སྒར་དང་ ལྷུན་རྩེའི་བར་ན་ ས་གནས་རྡོ་རྗེ་ལུང་ལུ་ གནམ་བྱཱར་ཨ་རྟག་ར་ ས་རུད་ཆད་མི་དེ་གིས་མ་ཚད་པར་ རྫོང་ཁག་གི་ གཞུང་ལམ་དེ་ར་ རྒྱ་ཆུང་ཀུ་དང་ ཉེན་འཚུབས་ཅན་ཡོད་ནི་དེ་གིས་ སྤྱི་ཟླ་༧ པའི་ནང་ རྫོང་ཁག་ཚོགས་འདུ་གིས་ བསྐྱར་གྲོས་གནང་ཞིནམ་ལས་ རྒྱ་སྐྱེད་འབད་དགོ་པའི་ གྲོས་ཆོད་དེ་ གནང་བའི་དོན་ལུ་ སྤྱི་ཚོགས་ལུ་ ཕུལ་ནི་སྦེ་ ཐག་བཅད་ནུག།

རྫོང་ཁག་གིས་ ལྟ་བཤལ་ལས་སྣ་གོང་འཕེལ་གྱི་དོན་ལུ་ གཙོ་རིམ་བཟུང་སྟེ་ ཤར་ཕྱོགས་དང་ དབུས་ཕྱོགས་བུམ་ཐང་ལུ་ མཐུད་སྦྲེལ་འབད་མི་ དང་ཕུའི་རྐང་ལམ་དེ་ ཉམས་བཅོས་འབད་བའི་ཁར་ ལྷུན་རྩེ་སྨད་མཚོ་རྒེད་འོག་ནང་ལས་ ཀི་ལོ་མི་ཊར་༣༣ དེ་ཅིག་འབད་མི་ རོ་དོང་ལ་གཞུང་ལམ་དེ་ཡང་ རྐང་ལམ་བདའ་སྟེ་ ཤིང་ཟམ་༣༥ དེ་ཅིག་རྐྱབ་ཐོག་ལས ཉམས་བཅོས་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྫོང་ཁག་ནང་ ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ གནས་ཚ་ཆུ་གོང་འཕེལ་དང་ དུང་དཀར་ལུ་ ལམ་སྲོལ་འགྲེམས་སྟོན་ཁང་བཟོ་ནི་ མགྲོན་སྐྱོང་ཁྱིམ་ཐེབས་རྐྱབ་ནི་ དེ་ལས་ ཀུར་རི་ཆུ་ལུང་གཤོང་བདའ་སྟེ་ རྡོ་ཆུ་སྨན་ཆུ་སྦང་ནིའི་ ལམ་སྲོལ་རྙིངམ་ཚུ་ ལོག་བསྐྱར་གསོ་འབད་ནིའི་ འཆར་གཞི་བརྩམས་ནུག། 

དེ་བཟུམ་སྦེ་ རྫོང་ཁག་གིས་ འཆར་གཞི་༡༢ པའི་ནང་ ཨོམ་མེ་ཊིག་ཊཱོན་༢,༠༧༩ ཐོན་སྐྱེད་ཀྱི་ དམིགས་གཏད་འགྲུབ་ནིའི་དོན་ལུ་ ཀར་ལེབ་ལས་རིམ་གྱི་ རྒྱབ་སྐྱོར་ཐོག་ལས་ ཇར་སི་བ་༢༣༦ དེ་ཅིག་ སོ་ནམ་པ་དང་ ན་གཞོན་སྡེ་ཚན་ཚུ་ལུ་ བགོ་བཀྲམ་འབད་ནུག།

དེ་བཟུམ་སྦེ་ སྒོར་གཱན་ཁྲོམ་གྱི་རྩ་བར་ཡོད་མི་ སེར་མཚམས་གཡུས་བྱ་དང་ ཁྲ་བམ་གསོ་སྐྱོང་ལྟེ་བའི་ནང་ གཡུས་བྱ་༧༠༠ དང་ ཁྲ་བམ་༡༥༠ དེ་ཅིག་ གསོ་སྐྱོང་འཐབ་སྟེ་ ཉམས་སྲུང་འབད་ནུག།

སོ་ནམ་ལས་ཚན་ནང་ རྫོང་ཁག་གིས་ སྔོ་ཚལ་ཤེལ་ཁྱིམ་༣༩ དེ་ཅིག་ བགོ་བཀྲམ་འབད་ཐོག་ལས་ ས་ཞིང་ཨེ་ཀར་༧༦ དེ་ཅིག་ནང་ ཚོད་བསྲེ་འཛུགས་སྐྱོང་འབད་ནུག།

འདས་པའི་ལོ་ནང་ ལྷུན་རྩེཔ་ཚུ་གིས་ ཤིང་མཁར་-སྒོར་གཱན་གཞུང་ལམ་གྱི་ རེ་བ་བསྐྱེད་སྡོད་རུང་ སྤྱི་ཚོགས་ནང་ གསུང་གྲོས་དེ་ མཐར་ཁྱོལ་ཅན་སྦེ་ མ་བྱུངམ་ལས་ ཀུར་རི་མདོ་བཞིའི་ མི་སེར་ཚུ་ལུ་ སེམས་ཕམ་བྱུང་ནུག།

ཁྲིམས་འགལ་གྱི་ཐད་ལུ་ མཁོ་མ་རྒེད་འོག་ནང་ སྐྱེས་ལོ་༦༦ ལང་མི་ ཕོ་སྐྱེས་༡ གིས་ ཀི་ཤི་སྨན་སླ་བསྲེས་པའི་ མངར་ཆུ་བྱིན་ཏེ་ སྐྱེས་ལོ་༨༤ ལང་མི་ ཨང་རྒས་ཅིག་བསད་ཡོད་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ད་ དེ་བཟུམ་སྦེ་ ཀེ་ཧང་གི་ སྨྱོ་རྫས་བསྡུ་བསྒྱོམ་འབད་དེ་ རྫོང་ཁག་གཞན་ཁར་བསྐྱལ་ཏེ་ ཚོང་འབྲེལ་འཐབ་མི་ ཕོ་སྐྱེས་༢ ཡང་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།\

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *