བྱི་ལོ་དེ་ རྫོང་ཁག་བདག་སྐྱོང་གི་དོན་ལུ་ ལེགས་ཤོམ་ཨིནམ།

༉ རང་ལུགས་གནམ་ལོ་ལྕགས་ཕོ་བྱི་ལོ་དེ་ དབང་འདུས་ཕོ་བྲང་རྫོང་ཁག་བདག་སྐྱོང་གི་དོན་ལུ་ བར་རྐྱེན་སྦོམ་མེད་པའི་ ལོ་ཅིག་སྦེ་ རྗེས་སུ་དྲན་ནི་ཨིན་པས།

དེ་ཡང་ འགྲུལ་སྐྱོད་བཀག་དམ་ དུས་ཐོག་ལུ་ འབད་ནི་དེ་གིས་ དབང་འདུས་ཕོ་བྲང་རྫོང་བསྐྱར་བཞེངས་ཀྱི་ལཱ་ལུ་ བར་ཆད་མ་བྱུང་པའི་ཁར་ གྲོང་གསེབ་ཚུ་ནང་ འཁོར་ལམ་བསལ་མི་དང་ ཞིང་ཆུ་འཐེན་མི་དེ་ སྤྱི་ལོ་༢༠༢༠ ལོ་ནང་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན་པས།

འགྲུལ་སྐྱོད་བཀག་དམ་ འགོ་དང་པ་ འབད་བའི་སྐབས་ རྫོང་ཁག་ཚུ་ནང་ མི་སེར་ཚུ་ལུ་ ཞབས་ཏོག་བྱིན་ནི་ལུ་ དཀའ་ངལ་བྱུང་ཡོད་རུང་ དབང་འདུས་ལུ་ དཀའ་ངལ་དེ་ཅིག་ར་ མ་བྱུང་པས།

འགྲུལ་སྐྱོད་བཀག་དམ་སྐབས་ འགོ་དཔོན་ཅིག་གིས་ ཕྱི་རུའི་ཆུ་ཚོད་༩ དེ་ཅིག་ཁར་ ཨ་ལོ་རྨས་སྐྱེས་ཅིག་ལུ་ ཨོ་ཕྱེ་སྒམ་དག་པ་ཅིག་ བསྐྱལ་བར་སོང་ཡོདཔ་མ་ཚད་ མི་སེར་ཚུ་ལུ་ དངུལ་འབྲེལ་ཞབས་ཏོག་དང་ ཉེར་མཁོའི་ཅ་ཆས་ཚུ་ སྒོ་ཁར་ཚུན་ སྐྱེལ་སྤྲོད་འབད་ནུག། 

རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་ཚར་༢ འབད་བའི་སྐབས་ ལཱ་འབད་མ་ཚུགས་རུང་ དབང་འདུས་ཕོ་བྲང་རྫོང་བཞེངས་ནིའི་ལཱ་ཚུ་ ལོ་དེ་གི་ འཆར་གཞི་དང་འཁྲིལ་ཏེ་ འབད་ཚུགས་ཡོདཔ་ད་ ན་ཧིང་ སྤྱི་ཟླ་༩ པའི་ནང་ ལས་འགུལ་གྱི་ ལས་མི་ཚུ་ལུ་ ལག་རྩལ་གྱི་འཐུས་ ཡར་སེང་འབད་མི་དེ་ཡང་ ན་གཞོན་དང་ མི་གཞན་ཚུ་ ལས་འགུལ་གྱི་ལཱ་ལུ་ སེམས་ཤུགས་བསྐྱེད་ཐབས་ལུ་ཨིན་པས།

ལོ་དེ་ནང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ ལུ་ གདོང་ལེན་ཅོག་འཐདཔ་ བྱུང་ཡོད་མི་དེ་ཡང་ ནད་ཡམས་ལུ་བརྟེན་ རྒྱ་གར་གྱི་ ལས་མི་ཚུ་ རང་སོའི་གཡུས་ཁར་ ལོག་སོང་ཡོདཔ་ལས་ ལས་མི་མ་ལང་པའི་དཀའ་ངལ་ སྦོམ་སྦེ་ར་བྱུང་ནུག།

རྒྱ་གར་དང་ འབྲུག་གི་བར་ན་ འགྲུལ་སྐྱོད་མེདཔ་ལས་ རྒྱ་གར་གྱི་ ལས་མི་ཚུ་ ལོག་གཡུས་ཁར་ འགྱོ་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་འབད་རུང་ གཞུང་དང་ རྒྱ་གར་གཞུང་ཚབ་ཡིག་ཚང་གིས་ བདེ་སྒྲིག་འབད་དེ་བཏང་ནུག།

སྤྱི་ལོ་༢༠༢༠ ཟླ་༡༠ པའི་ནང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ ཆུ་བྱག་བཟོ་སྐྲུན་གྱི་ འོས་འབབ་བརྟག་ཞིབ་འབད་ནི་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

གློག་མེ་ལས་འགུལ་༢ པའི་ཐད་ལུ་ བསྟན་རྒྱས་བློན་པོ་གིས་ སྤྱི་ཟླ་༡༡ པའི་ནང་ ལས་འགུལ་ཚུ་ནང་ དངུལ་ཕོགས་དང་ ཁེ་འཐུས་ལེགས་ཤོམ་བཟོ་སྟེ་ འབྲུགཔ་ཚུ་ལས་མི་སྦེ་བཙུགས་ནིའི་ ལས་རིམ་འགོ་འདྲེན་འཐབ་ཅི།

མ་གཞི་ ལས་འགུལ་ནང་ ལས་མི་༢,༤༠༠ དེ་ཅིག་ དགོས་མཁོ་ཡོད་རུང་ སྤྱི་ཟླ་༡༡ པའི་ནང་ ལས་མི་༡,༣༠༠ ལུ་ མར་ཕབ་སོང་ཡོདཔ་ད་ ལས་མི་གསར་བཙུགས་ཀྱི་ ལམ་ལུགས་ལུ་བརྟེན་ འབྲུག་མི་༣༥༠ དེ་ཅིག་ བཙུགས་ཡོད་རུང་ ལཱ་གི་ས་ཁོངས་ནང་ འབྲུག་པའི་བཞེས་སྒོ་ ལེགས་ཤོམ་མེདཔ་ལས་ ལས་མི་ཚུ་ ཐོན་སོང་ཡོད་པའི་ གནད་དོན་ཡང་བྱུང་ནུག།

ལས་འགུལ་གྱིས་ རྒྱ་གར་གྱི་ ལས་མི་ཚུ་ ལོག་འཁྱིད་འོང་ནི་ལུ་ སེམས་ཤུགས་བསྐྱེད་ཡོདཔ་བཞིན་དུ་ ལས་འགུལ་ཚུ་ནང་ ཧེ་མ་ལས་ར་ གདོང་ལེན་བྱུང་སྟེ་ཡོད་པའི་གུ་ ནད་ཡམས་ཐོན་མི་དེ་གིས་ ལྷག་པར་དུ་ གདོང་ལེན་ཅན་ཅིག་ལུ་ གྱུར་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།


དབང་འདུས་རྫོང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *