བྱི་ལོ་གིས་ ཕུན་ཚོགས་གླིང་དེ་ ནད་ཡམས་ཀྱི་ དབང་གནོན་ཐོག་ལུ་བཞག་ཡོདཔ།

༉ རང་ལུགས་གནམ་ལོ་ལྕགས་ཕོ་བྱི་ལོའི་ ལོ་གསརཔ་འགོ་བཙུགསཔ་ཅིག་ར་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་ཡོདཔ་བཞིན་དུ་ ནད་ཡམས་སྔོན་འགོག་འབད་ནིའི་དོན་ལས་ རང་ཟླ་༡ པའི་ཚེས་༢༩ སྤྱི་ལོ་༢༠༢༠ ཟླ་༣ པའི་ཚེས་༢༣ ལུ་ ས་མཚམས་ཁྲོམ་སྡེ་དང་ རྒྱལ་ཁབ་ཀྱི་ ཚོང་འབྲེལ་ལྟེ་བ་ ཕུན་ཚོགས་གླིང་གི་ འགེགས་སྲུང་སྒོ་ར་ སྒོ་བསྡམས་དགོཔ་བྱུང་ནུག།

དེ་བསྒང་ ཕུན་ཚོགས་གླིང་དེ་ རྒྱལ་སྤྱིའི་ས་མཚམས་སྒོ་བསྡམ་ནི་ལུ་ གྲ་སྒྲིག་མེད་མི་དེ་ཡང་ ས་མཚམས་ཕྱི་ཁ་ལས་ ཉིན་བསྟར་གྱི་ གླ་ཆ་ཐོག་ལུ་ ལཱ་འབད་མི་ ལས་མི་༥༠༠ ནང་ན་འོང་མ་བཅུགཔ་ལས་ ནང་འཁོད་ལས་ ལས་མི་མ་ཐོབ་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།

དེ་འབདཝ་ལས་ ལས་མི་ལས་སྡེ་ནང་ བཟོ་སྐྲུན་གྱི་ ལཱ་འབད་མི་མེད་པའི་ བརྡ་མཚོན་སྟོནམ་ཨིན་རུང་ འགྲོས་ཀྱིས་བཏང་སྟེ་ ཕུན་ཚོགས་གླིང་ལུ་ འབྲུག་མི་ཚུ་གིས་ ལཱ་འབད་ནི་ འགོ་བཙུགས་མི་དེ་ རྒྱལ་རབས་ཅན་ཅིག་ཨིན་པས།

ཕུན་ཚོགས་གླིང་ལུང་ཕྱོགས་ལས་མི་ཡིག་ཚང་གིས་ དམིགས་བསལ་དུ་ ནད་ཡམས་ལུ་བརྟེན་ ལཱ་གཡོག་བྱང་མི་དང་ ན་གཞོན་ཚུ་ ལས་མི་སྦེ་བཙུགས་ནི་ འགོ་བཙུགས་མི་ལས་ཚུར་ ན་ཧིང་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ ལཱ་མ་འདྲཝ་ཚུ་ནང་ ན་གཞོན་༢༠༠ དེ་ཅིག་གིས་ ཐོ་བཀོད་འབད་ནུག།

གནད་དོན་གཞན་དེ་ ནད་ཡམས་ལུ་བརྟེན་ སྒྲ་དབྱངས་ཁང་ནང་ ལཱ་འབད་མི་ ཨམ་སྲུ་༣༠ གིས་ སྣུམ་འཁོར་བཞག་སའི་ འཐུས་བསྡུ་ལེན་འབད་མི་སྦེ་ ལཱ་འབད་ཡོདཔ་བཞིན་དུ་ ཧེ་མ་ལས་ ལཱ་གི་ཉམས་མྱོང་མེདཔ་ལས་ སྣུམ་འཁོར་ཇོ་བདག་ཚུ་དང་ སྟབས་མ་བདེཝ་ དུམ་གྲ་རེ་ ཐོན་ཡོད་རུང་ འགྲོས་ཀྱིས་སྦེ་ གནས་སྟངས་དེ་ ལེགས་ཤོམ་སོང་ནུག།

ནད་ཡམས་མ་ཐོན་པའི་ཧེ་མར་ སྣུམ་འཁོར་བཞག་སའི་ འཐུས་བསྡུ་ལེན་འབད་མི་༣༨ ཡོད་མི་ལས་༢༧ དེ་ ས་མཚམས་ཕྱི་ཁར་ སྡོད་མི་ཨིནམ་ལས་ འགེགས་སྲུང་སྒོ་ར་ བསྡམས་པའི་ཤུལ་ལུ་ སྒྲ་དབྱངས་ཁང་ནང་ ལཱ་འབད་མི་ཚུ་གིས་ ལཱ་འབད་ནི་ འགོ་བཙུགས་ཅི།

རྒྱལ་ཁབ་ནང་ ཕུད་རྡོག་གཅིག་ལས་མེད་མི་ ཕུན་ཚོགས་གླིང་གི་ དོས་ཕབ་ལེན་འབད་སར་ ནང་འདྲེན་གྱི་ ཅ་ཆས་ཚུ་ བཞགཔ་ཨིན་རུང་ རྒྱ་གར་གྱི་ ལས་མི་ཚུ་མེདཔ་ལས་ གདོང་ལེན་སྦོམ་སྦེ་ར་བྱུང་ནུག། 

གནད་དོན་དེ་ལུ་བརྟེན་ འབྲུག་པའི་ན་གཞོན་༡༦༠ གིས་ དོས་ཕབ་བཀལ་གྱི་ལཱ་ནང་ འབྲེལ་འཛིན་འབད་ཡོདཔ་ད་ ན་གཞོན་ཚུ་ དོ་ཕབ་བཀལ་འབད་ནིའི་ ཉམས་མྱོང་ཚུད་པའི་སྐབས་ ནང་འདྲེན་པ་ཚུ་གིས་ དོས་ཕབ་ལེན་དང་ ཅ་ཆས་ཚུ་ སྣུམ་འཁོར་གཅིག་ལས་གཅིག་ནང་ སྤོ་བཤུད་འབད་བའི་འཐུས་ མཐོ་དྲགས་ཡོད་པའི་ ཉོགས་བཤད་བཀོད་ཅི། 

དེ་འབདཝ་ལས་ ཅ་ཆས་ཀྱི་ གོང་ཚད་ཚུ་ ཡར་སོང་ཡོདཔ་ལས་ མཐའན་མཇུག་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོང་མགྲོན་པ་ཚུ་ལུ་ ཐོ་སྦོམ་ཕོག་ནུག།

ཨིན་རུང་ ནང་འདྲེན་པ་ཚུ་གིས་ ཉེར་མཁོའི་ཅ་ཆས་ཀྱི་ གོང་ཚད་ཚུ་ ཀོ་བིཌ་-༡༩ ལུ་བརྟེན་ རྒྱ་གར་ལུ་ར་ གོང་ཚད་ཡར་སེང་སོང་མི་དང་ ལས་མི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ཨིན་ཟེར་ སླབ་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་ལུ་ ཀོ་བིཌ་-༡༩ འགོ་དང་པ་ར་ ན་ཧིང་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ རྒྱ་གར་ནིའུ་ལྡི་ལི་ལས་ལོག་མི་ སྐྱེས་ལོ་༢༤ ལང་མི་ ཨམ་སྲུ་ཅིག་ལུ་ཐོབ་ནུག།

སྤྱི་ཟླ་༦ པའི་ཚེས་༡༤ ལུ་ ཇའི་སྒང་ལུ་ འབྲུག་མི་ཨམ་སྲུ་༢ དམར་བསད་འབད་ཡོདཔ་ལས་ མི་ཚུ་རྣམ་རྟོག་ལང་དགོཔ་ བྱུང་ཡོདཔ་ད་ ཨམ་སྲུ་ཅིག་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ དོགས་སྣང་བྱུང་ནུག། 

ཚེ་འདས་ཨམ་སྲུ་༢ ཆ་ར་ རང་སོའི་ཕམ་དང་ སྤུན་ཆ་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ ས་མཚམས་ཕྱི་ཁའི་ ཁྲིམས་སྲུང་འགག་པ་གིས་ བྱ་ངན་འབད་མི་ དོགས་ཅན་༢ འཛིན་བཟུང་འབད་ནུག།

འགྲུལ་སྐྱོད་བཀག་དམ་༡ པ།

སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་ཅིག་ལུ་ ཀོ་བིཌ་-༡༩ ཡོདཔ་སྦེ་ ངོས་བཟུང་འབད་བའི་ཤུལ་ལས་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ གཞུང་གིས་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་ གསལ་བསྒྲགས་འབད་མི་དང་བསྟུན་ རྫོང་ཁག་ཕྱི་ཁའི་མི་ཚུ་ ཕུན་ཚོགས་གླིང་ལུ་ བརྒྱ་ཕྲག་ལས་བཅད་དེ་ ཐོགས་ལུས་ཡོདཔ་ད་ སྐྱེས་ལོ་༣༠ ལང་མི་ ཕོ་སྐྱེས་དེ་ ཏི་རུ་རྫོགས་སོཔ་ལས་ ཕུན་ཚོགས་གླིང་ཁྲོམ་གྱི་སྦུག་ལུ་ ཟངས་མདོག་དཔལ་རིའི་ ས་ཁོངས་ནང་ཡང་ ཉལ་དགོཔ་བྱུང་ནུག།

དོས་ཕབ་བཀལ་འབད་ས་ལས་ ནད་ཡམས་ཐོན་པའི་ཤུལ་ལས་ ཕུན་ཚོགས་གླིང་ལུ་ ངོས་འཛིན་ཅན་གྱི་ ས་ཁོངས་ལ་ལོ་ཅིག་ནང་ འགྲུལ་སྐྱོད་བཀག་དམ་ ཉིན་གྲངས་༥༠ ལྷགཔ་ཅིག་ བསྟར་སྤྱོད་འབད་ཡོདཔ་མ་ཚད་ ཌཱན་ཊག་དང་ ཨིམ་ཊཱཊ་གི་ ས་ཁོངས་ལས་ཡང་ ནད་ཡམས་ཐོན་ཡོདཔ་ཨིན་པས།

འགྲུལ་སྐྱོད་བཀག་དམ་འབད་བའི་ཤུལ་ལུ་ ཕུན་ཚོགས་གླིང་ལས་ ས་གནས་གཞན་ཁར་ འགྱོ་མི་ཚུ་ ངེས་པར་དུ་ ཟུར་བཞག་ནང་ ཉིནམ་༧ སྡོད་དགོཔ་སྦེ་ ལམ་ལུགས་བཟོ་ཡོདཔ་ཨིན་པས།

འགྲུལ་སྐྱོད་བཀག་དམ་༢ པ།

འགྲུལ་སྐྱོད་བཀག་དམ་༢ པའི་སྐབས་ ཧེ་མ་བཟུམ་སྦེ་ ཉེར་མཁོའི་ཅ་ཆས་ཚུ་ བཀྲམ་སྤེལ་འབདཝ་ད་ དཀའ་ངལ་མ་བྱུང་པའི་ཁར་ རྡོ་དང་ ཚལ་ལུ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ ཕྱིར་བཙོང་འཐབ་ཚུགས་ནུག།

འགྲུལ་སྐྱོད་བཀག་དམ་༢ དེ་ཡང་ ཐིམ་ཕུག་དང་ སྤ་རོའི་མི་སྡེ་ནང་ ནད་ཡམས་ཐོབ་མི་ལུ་བརྟེན་ཨིནམ་ད་ ཕུན་ཚོགས་གླིང་དང་ཕྱདཔ་ད་ བཅུ་ལྟབ་དེ་ཅིག་ ཉེན་ཁ་ཆེཝ་ལས་ ཕུན་ཚོགས་གླིང་ལས་ ས་གནས་གཞན་ཁར་ འགྱོ་བ་ཅིན་ ཉིནམ་༧ གྱི་རིང་ ཟུར་བཞག་ནང་ སྡོད་དགོཔ་སྦེ་ སླབ་མི་ལུ་བརྟེན་ མི་ཚུ་ ཡིད་ཆེས་བསྐྱེད་མ་ཚུགས་པར་ཡོདཔ་ཨིན་པས།

རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ནང་ ཀོ་བིཌ་-༡༩ འི་ སྨན་ཁང་ལུ་ བསྒྱུར་བཅོས་འབད་དེ་ ནད་འབུབ་ཐོབ་མི་ཚུ་ བཞག་ཡོདཔ་བཞིན་དུ་ ནད་ཡམས་ཀྱི་ གནས་སྟངས་དང་ ས་མཚམས་ཁར་ འབད་ནི་དེ་གིས་ ཕུན་ཚོགས་གླིང་དེ་ རང་ལུགས་གནམ་ལོ་ལྕགས་མོ་གླང་ལོ་ནང་ཡང་ ཀོ་བིཌ་-༡༩ འི་གདོང་ལེན་ཐོག་ལུ་ར་ གནས་ནི་བཟུམ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།


འབྲུག་མི་ཚུ་ རྒྱ་གར་ལས་ ཕུན་ཚོགས་གླིང་ལུ་ལྷོདཔ་ད་ ཟུར་བཞག་ནང་ ཉིན་གྲངས་༢༡ སྡོད་དགོ་པའི་ སྒྲིག་གཞི་བཟོ་ནུག།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *