ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ སེམས་རྟོགས་ཁ་ལས་ གཞུང་ལམ་ཁག་དང་པ་དེ་ འགོ་འབྱེད་གནང་པའི་བསྒང་།

བྱང་ཤར་ནུབ་ཀྱི་ གཞུང་ལམ་དང་པ་ ཀི་ལོ་མི་ཊར་༦༥ འབད་མི་ འགོ་འབྱེད་འབད་ཡོདཔ།

༉ བྱང་ཤར་ནུབ་ཀྱི་ གཞུང་ལམ་ཁག་༧ ཡོད་ས་ལས་ སེམས་རྟོགས་ཁ་ལས་ དབང་འདུས་ཟམ་ཚུན་ཚོད་ ཀི་ལོ་མི་ཊར་༦༥ འབད་མི་ ལམ་དང་པ་དེ་ ཁ་ཙ་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ སེམས་རྟོགས་ཁ་ལུ་ འགོ་འབྱེད་གནང་ཡི།
དེ་མ་ཚད་ ལམ་ཁག་གཞན་༦ པོ་དེ་ཡང་ མཇུག་བསྡུ་ནི་གི་དོན་ལས་ དུས་ཚོད་གངམ་མི་འགོར་ནི་ཨིན་པས།
རིན་ཚད་ཀི་ལོ་མི་ཊར་༥༡༠ འབད་མི་ ཐིམ་ཕུག་ལས་ ཤར་ཕྱོགས་རྫོང་ཁག་ཚུ་དང་ མཐུད་སྦྲེལ་འབད་མི་ ལམ་རྒྱ་སྐྱེད་ཀྱི་ལཱ་ཚུ་ སྤྱི་ལོ་༢༠༡༤ གི་ ལོ་མཇུག་ཁམས་ཅིག་ཁར་ འགོ་བཙུགས་ནུག།
བློན་པོ་ལྷན་རྒྱས་དང་ སྤྱི་ཚོགས་ཀྱི་འཐུས་མི་ རྒྱ་གར་གཞུང་ཚབ་ཡིག་ཚང་གི་འགོ་དཔོན་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ ལམ་འགོ་འབྱེད་ཀྱི་ རྟེན་འབྲེལ་ནང་ བཅའ་མར་གཏོགས་ཅི།
ཁ་ཙ་ ལམ་འགོ་འབྱེད་དང་འབྲེལ་ བཅའ་མར་གཏོགས་མི་ཚུ་ སེམས་རྟོགས་ཁ་ལས་ དབང་འདུས་ཕོ་བྲང་ཚུན་ཚོད་ ལྟ་སྐོར་ལུ་སོང་ཡི།
ཧེ་མའི་ལམ་གྱི་རྒྱ་ཚད་དེ་ མི་ཏར་༣.༥ ཨིན་མི་དེ་ ཉིནམ་རེ་ལུ་ སྣུམ་འཁོར་༡༥༠ དེ་ཅིག་ འགྲོ་འགྲུལ་འབད་ནི་གི་དོན་ལུ་ བཟོ་བཀོད་འབད་ཡོདཔ་ཨིན་རུང་ ད་ལྟོའི་ལམ་དེ་ རྒྱ་ཚད་མི་ཊར་༧.༥ ལུ་ རྒྱ་སྐྱེད་འབད་ཡོདཔ་མ་ཚད་ ཉིནམ་རེ་ལུ་ སྣུམ་འཁོར་༢,༠༠༠ ལས་༢,༥༠༠ གི་བར་ན་ འགྱོ་ཚུགས་པའི་ བཟོ་བཀོད་དང་གཅིག་ཁར་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ཡོདཔ་ཨིན་པས།
ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ བཤད་མིའི་ནང་ ཧེ་མ་ཤར་ནུབ་ཀྱི་གཞུང་ལམ་ འགོ་བཙུགས་ཏེ་ སྣུམ་འཁོར་འགྲོ་འགྲུལ་འབདཝ་ད་ སྟབས་མ་བདེཝ་ཡོད་པའི་སྐོར་ལས་ སྤྱི་ཚོགས་དང་ ས་གནས་ག་ཏེ་འགྱོ་རུང་ མི་ཚུ་གིས་ གཞུང་ལུ་ ཁ་བཏང་ཡོདཔ་ཨིན་རུང་ གཞུང་གིས་ དེ་བཟུམ་མའི་ ཁ་བཏང་མི་ཚུ་ལུ་ མ་ཉན་པར་ ལཱ་འཕྲོ་མཐུད་དེ་འབད་བའི་ཤུལ་ལུ་ ད་ལྟོ་འབད་བའི་བསྒང་ལས་ ལམ་གྱི་སྤུས་ཚད་དང་ གཞན་ག་ཅིའི་ཐད་ལས་འབད་རུང་ མི་ཚུ་ཡང་ ངལ་རངས་ཡོད་པའི་ ལོ་རྒྱུས་ཚུ་ བཤད་ས་མཐོངམ་མས་ཟེར་ཨིན་པས།
ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ ས་གནས་ནང་ གནམ་གཤིས་ཀྱི་ གདོང་ལེན་ཚུ་ བྱུང་ཡོད་རུང་ ལས་འགུལ་དེ་ ག་དེ་མགྱོགས་མགྱོགས་ མཇུག་བསྡུ་ནི་ལུ་ དམིགས་པ་བསྐྱེད་ཡོདཔ་བཞིན་དུ་ ལཱ་གི་གྲུབ་འབྲས་ཚུ་ཡང་ བྱུང་ཡི་ཟེར་ཨིན་པས།
ཞབས་ཏོག་བློན་པོ་གིས་ ད་ལྟོ་ སེམས་རྟོགས་ཁ་ལས་ དབང་འདུས་ཟམ་ཚུན་ཚོད་ཀྱི་ གཞུང་ལམ་དེ་ འགོ་འབྱེད་འབདཝ་དང་གཅིག་ཁར་ ཐིམ་ཕུག་ལས་ བཀྲིས་སྒང་ལུ་ དུས་ཡུན་ཆུ་ཚོད་༡༠ ལས་༡༡ གི་བར་ན་ ལྷོད་ཚུགས་པའི་ རེ་བ་བསྐྱེད་མི་དེ་ཡང་ འཕྲལ་མགྱོགས་ར་ འགྲུབ་ཚུགས་པའི་ དུམ་ཁ་ལུ་ ལྷོད་དོ་ཟེར་ བཤད་ཅི།
ལམ་རྒྱ་སྐྱེད་འབད་མི་དེ་གིས་ འབྲུག་པའི་མི་སེར་ཡོངས་ལུ་ ཕན་ཐོགས་ཡོདཔ་ད་ ལམ་དེ་རྒྱ་ཆེ་དྲགས་ སྤུས་ཚད་དང་ ལྡན་ཏོག་ཏོ་སྦེ་ ཡོད་པའི་བསྒང་ལས་ དེ་གིས་ ལམ་འགྲུལཔ་ཚུ་ ཉེན་སྲུང་དང་ལྡན་པའི་སྒོ་ལས་ དུས་ཚོད་གངམ་མ་འགོར་བར་ ཁོང་ར་འགྱོ་དགོ་མནོ་མི་ ས་ཁོངས་ནང་ ལྷོད་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
དེ་མ་ཚད་ ལམ་རྒྱ་སྐྱེད་འབད་མི་དེ་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ཡང་ ཕན་ཐོགས་ཡོད་ཟེར་ ཞབས་ཏོག་བློན་པོ་གིས་ བཤད་ཅི།
ལམ་རྒྱ་སྐྱེད་ལས་འགུལ་དེ་ ཟད་འགྲོ་སྦོམ་གནས་པའི་ ལས་འགུལ་ཅིག་ཨིན་རུང་ འབྲུག་པའི་བཟོ་རིག་འགོ་དཔོན་དང་ འབྲུག་པའི་ཁག་འབགཔ་ཚུ་གིས་ འབད་ཡོདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ འབད་བ་ཅིན་ འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཨིནམ་ལས་ སྐྱེལ་འདྲེན་གྱི་ ཐབས་ལམ་གཙོ་བོ་དེ་ སྣུམ་འཁོར་ལམ་ཨིནམ་ལས་ གཞུང་གིས་འབད་རུང་ སྣུམ་འཁོར་ལམ་རྒྱ་སྐྱེད་དང གསརཔ་བཏོན་ནིའི་དོན་ལུ་ མ་དངུལ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ བཞག་ཅི་ཟེར་ཨིནམ་ད་ ད་རེས་ གྲུབ་འབྲས་ལེགས་ཤོམ་ཐོནམ་ད་ སེམས་དགའ་བས་ཟེར་ བཤད་ཅི།
སྤྱི་ལོ་༢༠༡༥ ལུ་ ལམ་རྒྱ་སྐྱེད་ཀྱི་ལཱ་དེ་ འགོ་བཙུགས་ཞིནམ་ལས་ཚུར་ ལམ་འགྲུལཔ་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ དཀའ་སྡུག་མྱོང་ཡོད་མི་དེ་ ཁོང་གིས་ཧ་གོ་ཟེར་ཨིན་རུང་ ད་ལས་ཕར་ ལོ་ངོ་༡ གི་ནང་འཁོད་ནང་ ག་ར་མཇུག་བསྡུ་ཞིནམ་ལས་ འཛམ་གླིང་ནང་ ལམ་དྲག་ཤོས་ཅིག་གི་ ཞབས་ཏོག་བྱིན་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར་ བློན་པོ་དམ་ཆོས་རྡོ་རྗེ་གིས་ བཤད་ཅི།
ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ སྣུམ་འཁོར་ལམ་ལེགས་བཅོས་འབད་མི་དེ་གིས་ སྣུམ་འཁོར་རྒྱུན་སྐྱོང་འཐབ་ནི་གི་ ཟད་འགྲོ་མར་ཕབ་འབདཝ་མ་ཚད་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ཡང་ ཕན་ཐོགས་སྦོམ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *