བྱང་ཕུག་རྩེ་གཡུས་ཚན་ནང་ ལོ་བསྟར་བཞིན་དུ་ གུང་སྟོང་བཞག་མི་ ཁྱིམ་གུང་༥ རེ་ཐོནམ་ཨིན་པས།

བྱང་ཕུག་རྩེ་ལུ་ གུང་སྟོང་མངམ་ཐོན་མི་ལུ་ མི་སེར་ཚུ་ ཚ་གྱང་ལང་ཡོདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་གི་ མཐའ་ཟུར་གཡུས་ཚན་ བྱང་ཕུག་རྩེ་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ ལྷོད་དེ་ཡོད་རུང་ མི་སེར་ཚུ་ གྲོང་གཡུས་ལས་ ཁྲོམ་སྡེ་ལུ་ གནས་སྤོ་འགྱོ་མི་ལུ་བརྟེན་ གུང་སྟོང་བཞག་མི་ ལོ་བསྟར་བཞིན་དུ་ ཡར་འཕར་འགྱོ་དོ་ཡོདཔ་ཨིན་པས།
ང་བཅས་ཀྱི་ གཡུས་ཚན་ནང་ སློབ་གྲྭ་དང་ སྨན་ཁང་ དེ་ལས་ གློག་མེ་དང་ འཐུང་ཆུ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚངམ་སྦེ་ཡོད་རུང་ ལོ་རེ་ནང་ ཁྱིམ་གུང་༥ དེ་རེ་ ལྡེ་མིག་རྐྱབ་སྟེ་ གུང་སྟོང་བཞག་མི་ལུ་བརྟེན་ ཡུན་མ་རིངམོ་ཅིག་ལས་ གཡུས་སྟོངམ་འཐོན་ནི་གི་ ཉེན་ཁ་འདུག་ཟེར་ ཚ་གྱང་ལང་མི་ གྲོང་མི་ཚུ་གིས་ བཤདཔ་ཨིན་པས།
སྐྱེས་ལོ་༧༦ ལང་མི་ སོ་ནམ་པ་ རྟ་མགྲིན་གྱིས་ སླབ་མིའི་ནང་ གཡུས་ཚན་དེ་ འཁོར་ལམ་ལས་ ཐག་རིང་པའི་ཁར་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ མི་སེར་ཚུ་ ས་གནས་གཞན་ཁར་ གནས་སྤོ་འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ན་གཞོན་ལ་ལོ་ དཔེ་ཆ་ལྷབ་མི་དང་ ལ་ལོ་ཁྲོམ་ཁར་ལས་ཕར་ ལཱ་འབད་མི་ལུ་བརྟེན་ གཡུས་ཁར་རྒན་རྒས་ཙང་ཙ་མ་གཏོགས་ ལཱ་འབད་ཚུགས་མི་ གངམ་མེད་ཟེར་ཨིནམ་ད་ ཕམ་རྒན་རྒས་ཚུ་ཡང་ རང་སོའི་ཨ་ལོ་དང་གཅིག་ཁར་ སྡོད་ནིའི་དོན་ལུ་ ཁྲོམ་ཁར་གནས་སྤོ་འགྱོ་མས་ཟེར་ བཤདཔ་ཨིན་པས།
བྱང་ཕུག་རྩེ་དེ་ རྒྱ་འབྲུག་གཉིས་ཀྱི་ ས་མཚམས་སྦོ་ལོགས་ཁར་འབདཝ་ལས་ གཡུས་སྟོང་འཐོན་པ་ཅིན་ ས་མཚམས་བདག་འཛིན་འབད་མི་ཡང་ མི་འོང་ནི་དང་ མ་འོངས་པ་ལུ་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ལུ་ཡང་ ཐོ་ཕོག་ནིའི་ ཉེན་ཁ་འདུག་ཟེར་ གཡུས་མི་ཚུ་གིས་ བཤདཔ་ཨིན་པས།
གཡུས་ཚན་གྱི་ སྦུག་ལུ་སྡོད་མི་ ཨ་ལོ་༣ གྱི་ཨའི་གིས་ སླབ་མིའི་ནང་ སྤྱི་འོག་གོང་འཕེལ་གྱི་དོན་ལུ་ མི་རློབས་ལུ་བལྟ་སྟེ་ འཆར་གཞི་བརྩམ་དོ་ཡོདཔ་ལས་ གུང་སྟོང་མང་སུ་ འཐོན་པ་ཅིན་ སྤྱི་འོག་གོང་འཕེལ་གྱི་ ལས་སྣ་ཚུ་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།
སྤྱི་འོག་ནང་ གུང་པ་༧༠ ཡོད་མི་ལས་༡༢ གུང་སྟོང་སྦེ་ བཞག་ཡོདཔ་ད་ གུང་པ་ལ་ལོ་ གུང་སྟོང་ཐོན་ཏེ་ ལོ་ངོ་བཅུ་ཕྲག་ལང་ནུག།
སྐྱེས་ལོ་༦༤ ལང་མི་ ལུ་པོ་གིས་ སླབ་མིའི་ནང་ གནས་སྤོ་འགྱོ་མི་ཚུ་ བཀག་བཞག་ནིའི་ དབང་ཚད་མེདཔ་ལས་ མཐའན་མཇུག་ལུ་ གཡུས་ཁར་སྡོད་མི་ཚུ་ལུ་ གདོང་ལེན་བྱུང་མི་དེ་ཡང་ གུང་སྟོང་ལུ་བརྟེན་ བཟའ་སྤྱོད་མ་འབད་བར་བཞག་མི་ ས་ཞིང་ཚུ་ ཚལ་མ་ལུ་གྱུར་ཏེ་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་གཞན་ཚུ་ལུ་ གནོདཔ་བཀལ་བའི་ དཀའ་ངལ་མང་སུ་ ཐོནམ་མས་ཟེར་ཨིན་པས།
ལུ་པོའི་ཁྱིམ་ཚང་དེ་ ས་གནས་གཞན་ཁར་ གནས་སྤོ་སོང་སྟེ་ ལོ་དག་པ་ཅིག་ སོང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རི་དྭགས་སེམས་ཅན་ཚུ་ལུ་བརྟེན་ ཧེ་མ་བཟུམ་སྦེ་ ལོ་ཐོག་ཚུ་ཡང་ བསྡུ་མི་ཚུགས་པས་ཟེར་ཨིན་པས།
ཚོགས་པ་ལྟའུ་པོ་གིས་ གཞུང་ལས་ རྒྱབ་སྐྱོར་དེ་ཅིག་མེད་མི་ལུ་བརྟེན་ གྲོང་མི་ཚུ་ གནས་སྤོ་མ་འགྱོ་བར་ཐབས་མིན་འདུག་ཟེར་ བཤད་པའི་ཁར་ ས་མཚམས་ཁར་སྡོད་མི་ ལ་ཡ་དང་ གླིང་བཞི་ དེ་ལས་ མེ་རག་དང་ སག་སྟེང་གི་ མི་སེར་ལུ་ མཐུན་རྐྱེན་གནང་དོ་བཟུམ་ བྱང་ཕུག་རྩེའི་ མི་ཚུ་ལུ་ཡང་ གནང་དགོཔ་འདུག་ཟེར་ བཤདཔ་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ ས་གནས་ཀྱི་ མི་སེར་ཚུ་ཡང་ ས་མཚམས་བདག་འཛིན་འཐབ་སྡོད་མི་ཅིག་ཨིན་རུང་ ད་ལས་ཕར་ གཞུང་གིས་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ཨིནམ་ད་ གུང་སྟོང་ཐོན་པའི་བསྒང་ལས་ ཁྲལ་དང་འུར་ལཱ་ དེ་ལས་ ལོ་བསྟར་ཆོས་ཕྱོགས་ཀྱི་ ལས་རིམ་འགོ་འདྲེན་འཐབ་ནིའི་ནང་ ཐོ་ཕོགཔ་མ་ཚད་ གོང་འཕེལ་དང་ འཆར་གཞི་ལས་སྣ་ཚུ་ལུ་ཡང་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
གཡུས་མི་ཚུ་གིས་ འཁོར་ལམ་ཡོད་ས་དང་ ཁྲོམ་ཁར་ས་དང་ ཁྱིམ་ཚུ་ཉོ་སྟེ་ གནས་སྤོ་འགྱོ་དོ་ཡོདཔ་ལས་ ཚ་གྱང་ལམངམ་མས་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ བྱང་ཕུག་རྩེ་ལུ་ འབྲུ་སྣ་དགུ་ག་ར་ འཚོ་དོ་ཡོདཔ་ལས་ གཞུང་ལས་ འཕྲུལ་ཆས་དང་ ལས་འགུལ་ཆུང་བ་རེ་བཙུགས་གནང་པ་ཅིན་ མི་སེར་ཚུ་ གཡུས་ཁར་ར་ སྡོད་ནི་གི་ སེམས་ཤུགས་འབྱུང་ནི་དང་ གུང་སྟོང་ཡང་ འཐོན་དགོཔ་མེད་ཟེར་ཨིན་པས།
སྟོད་ཚོ་རྒཔོ་ བདེ་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ གུང་སྟོང་ཡར་སེང་འགྱོ་མི་ལུ་ ཚ་གྱང་ཡོདཔ་ལས་ རྒེད་འོག་བདག་སྐྱོང་གིས་ མི་སེར་ཚུ་ རང་གི་གཡུས་ཁར་ སྡོད་བཅུག་ཐབས་ལུ་ རྫོང་ཁག་དང་ མཉམ་འབྲེལ་འབད་དེ་ འཆར་གཞི་ཚུ་ བརྩམས་ཏེ་ཡོད་མི་དེ་ཡང་ ས་གནས་ཀྱི་ སློབ་གྲྭ་དེ་ནང་ སློབ་གྲྭ་ལྟེ་བའི་ མཐུན་རྐྱེན་དང་ སོ་ནམ་གྱི་འཕྲུལ་ཆས་ དེ་ལས་ གློག་ཐག་ར་བ་ལ་སོགས་པའི་ མཐུན་རྐྱེན་ཚུ་ མཁོ་སྤྲོད་འབད་ནིའི་དོན་ལས་ གཞུང་ལུ་ གྲོས་འཆར་བཙུགས་འོང་ཟེར་ཨིན་པས།
བྱང་ཕུག་རྩེ་ལུ་ གཞུང་ལས་ དམིགས་བསལ་གྱི་མཐུན་རྐྱེན་ རྟ་ལམ་རྒྱ་སྐྱེད་དང་ སྨན་ཁང་སྡེ་རིམ་༢ པའི་ མཐུན་རྐྱེན་གནང་པ་ཅིན་ མི་སེར་ཚུ་ གཡུས་ཁར་སྡོད་ནི་གི་ རེ་བ་ཡོད་ཟེར་ རྒཔོ་བདེ་ཆེན་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *