བྱ་ལོ་ནང་ རྒྱལ་ཁབ་ཀྱི་ས་ཕྱོགས་ལུང་ཕྱོགས་ག་ར་ བྱིན་གྱིས་བརླབས་ཡོདཔ།

༉ གནམ་ལོ་མེ་མོ་བྱ་ལོ་དེ་ རྒྱལ་ཁབ་དང་མི་སེར་གྱི་དོན་ལུ་ བྱིན་རླབས་ཅན་གྱི་ལོ་ཅིག་ཨིན་མི་དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཐིམ་ཕུག་ ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མིའི་ སྐུ་འདུན་ལུ་སྦེ་  རྒྱལ་བའི་གསུང་རབ་ཆེན་མོ་  བཀའ་འགྱུར་གྱི་ ལྗགས་ལུང་གནང་ཡི།
དེ་ཡང་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ཚུ་ལས་ དད་ཅན་སྐྱ་སེར་ཕོ་མོ་ སྟོང་ཕྲག་ལས་བཅད་དེ་  འཛོམས་ཡོདཔ་ད་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ མི་མང་ལུ་བཀའ་འགྱུར་གྱི་ ལྗགས་ལུང་གནང་མི་དེ་ རྒྱལ་ཁབ་ནང་ ཐེངས་༤ པ་ཨིན་པས།
སྐྱབས་རྗེ་མཆོག་གིས་  བཀའ་འགྱུར་གྱི་ལྗགས་ལུང་དེ་  ཞིང་གཤེགས་དམ་པ་ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེམཆོག་ལས་ ཞུ་ཡོདཔ་ཨིནམ་ད་ རྒྱལ་བའི་གསུང་རབ་བཀའ་འགྱུར་ནང་  སངས་རྒྱས་བཅོམ་ལྡན་འདས་ཀྱིས་  གསུངས་གནང་མི་ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ག་ར་ ཚང་ཡོདཔ་ལས་ བཀའ་འགྱུར་གྱི་ལུང་ འཐོབ་པ་ཅིན་ ཆོས་ཀྱི་ཕུང་པོ་ཡོངས་རྫོགས་ཀྱི་ དངོས་གྲུབ་ཐོབ་དོ་བཟུམ་ཅིག་ཨིནམ་ལས་ ལོ་དེ་ གཞན་དང་མ་འདྲ་བའི་ཁྱད་པར་ཅན་གྱི་ལོ་ཅིག་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུག་དགོངས་རྫོགས་མཆོད་རྟེན་ལུ་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ ཚིག་བདུན་བླ་སྒྲུབ་དང་འབྲེལ་ཚིག་བདུན་གསོལ་འདེབས་ འབུམ་ཕྲག་གཅིག་བསགས་གནང་མི་དེ་ རྒྱལ་ཁབ་དང་མི་སེར་དོན་ལུ་ ལོ་བསྟར་གྱི་སྐུ་རིམ་ངོ་མ་ཅིག་ཨིན་པས།
ཚིག་བདུན་གསོལ་འདེབས་དེ་ སྔ་འགྱུར་རྙིང་མའི་ལུགས་ལས་ ཐུན་མོང་མ་ཡིན་པའི་གསོལ་འདེབས་ཅིག་ཨིན་ལས་ སྤྱིར་བཏང་སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེའི་གསོལ་འདེབས་ཚུ་གི་གྲས་ལས་ ཚིག་བདུན་གསོལ་འདེབས་དེ་ བྱིན་རླབས་ཆེ་ཤོས་ཅིག་སྦེ་རྩིས་དོ་ཡོདཔ་ཨིན་པས།
ཚིག་བདུན་གསོལ་འདེབས་དེ་ ཨྱོན་གུ་རུ་རིན་པོ་ཆེ་ལས་ ཕྱི་ནང་གསང་གསུམ་གྱི་གོ་ལས་གསོལ་བ་བཏབ་པའི་ གསོལ་འདེབས་ ཚིག་རྐང་བདུན་ལུ་ སླབ་ཨིནམ་ད་ ལོ་རྒྱུས་དང་འཁྲིལ་བ་ཅིན་ གསོལ་འདེབས་དེ་ མཁའ་འགྲོའི་ལུང་བསྟན་དང་འཁྲིལ་ འཇིག་རྟེན་གྱི་ཁམས་ནང་ བྱུང་ཡོདཔ་སྦེ་ཨིན་པས།
རྒྱལ་རབས་དང་འཁྲིལ་བ་ཅིན་ ཚིག་བདུན་གསོལ་འདེབས་དེ་ མཁའ་འགྲོ་མ་ཚུ་གིས་ ཨྱོན་གུ་རུ་རིན་པོ་ཆེ་ ཚོགས་འཁོར་ནང་ གདན་འདྲེན་ཞུ་ནིའི་དོན་ལུ་ འདེབས་གསོལ་ཕུལ་མི་དེ་ཨིནམ་ད་ ཤུལ་ལས་ རྒྱ་གར་འཕགས་པའི་ཡུལ་ལུ་ མཁའ་འགྲོ་མ་ཚུ་གིས་ ནང་པའི་པནྜི་ཏ་ཚུ་ལུ་ གསུངས་མི་ལས་ཚུར་ འཇིག་རྟེན་གྱི་ཁམས་ནང་ དར་ཁྱབ་སོང་ནུག།
དེ་མ་ཚད་ ཐིམ་ཕུག་ དགོངས་རྫོགས་མཆོད་རྟེན་ལུ་ བཀའ་དགོངས་ཕུར་གསུམ་གྱི་ སྒྲུབ་ཆེན་གནང་སར་ དད་མོས་ཅན་གྱི་མི་ བརྒྱ་ལས་བཅད་དེ་ འཛོམས་ས་ལས་བྱིན་རླབས་ཞུ་ནིའི་ གོ་སྐབས་ཡང་ལེན་ཡོདཔ་མཐོང་ཡི།
དེ་ སྤྱི་ལོ་༡༩༧༤ ལུ་ དགོངས་རྫོགས་མཆོད་རྟེན་ གསར་བཞེངས་བསྒྲུབས་ཏེ་ དེའི་བཀྲིས་རབ་གནས་གནང་མི་དང་འབྲེལ་ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་ འགོ་བཙུགས་གནང་པའི་ཤུལ་ལས་ ད་རེས་ རྒྱུན་མ་ཆད་པར་གནང་དོ་ཡོདཔ་ད་ དེ་ཡང་ མཆོད་རྟེན་གྱི་ནང་རྟེན་ བཀའ་དགོངས་ཕུར་གསུམ་སྦེ་ཡོད་ས་ལས་ སྟེང་ཐོག་དགོངས་འདུས་དང་ བར་ཐོག་བཀའ་བརྒྱད་ དེ་ལས་ འོག་ཐོག་ཕུར་པའི་སྐུ་འདྲ་ཡོདཔ་ལས་ བཀའ་དགོངས་ཕུར་༣ གྱི་སྒྲུབ་ཆེན་དེ་ གནང་དོ་ཡོདཔ་ཨིན་པས།
ད་རུང་ ཐིམ་ཕུག་རྗེས་དྲན་མཆོད་རྟེན་དེ་ནང་ ཀ་༔ཐོག་སི་ཏུ་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ ཚེ་དཔག་མེད་ཀྱི་གསུང་ཆོག་གནང་སར་ ཉིན་བསྟར་བཞིན་དུ་ དད་མོས་ཅན་གྱི་མི་སྟོང་ལས་བཅད་དེ་འཛོམས་ཡི།
སྤྱི་ཟླ་༡༡ པའི་ཚེས་༢༤ ལས་འགོ་བཙུགས་མི་ ཚེ་སྒྲུབ་དེ་ རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ དབང་འདུས་སྦས་གླང་བྲག་ ཀ༔ཐོག་འོད་གསལ་བསམ་གཏན་གླིང་དགོན་སྡེའི་ མཚམས་པ་དང་དགེ་སློང་༧༠ ལྷགཔ་ཅིག་གིས་ གནང་ཡོདཔ་ཨིན་པས།
སྤྱིར་བཏང་ཚེ་སྒྲུབ་ལུ་ ལྷམ་པ་ལེ་ཤ་ཡོད་ས་ལས་ དགོངས་རྫོགས་མཆོད་རྟེན་ནང་གནང་མི་དེ་ སྔ་བསྒྱུར་རྙིང་མའི་མཁས་གྲུབ་ རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ བླ་མ་རིག་འཛིན་བསྡུ་པའི་ཚེ་སྒྲུབ་ཟེར་མི་དེ་ཨིནམ་ད་ གཏེར་ཆོས་དེའི་ལུགས་ལས་ བླ་མ་དེ་ མགོན་པོ་ཚེ་དཔག་མེད་དང་ ཨྱོན་གུ་རུ་རིན་པོ་ཆེ་ཟུང་འཇུག་ཨིན་པས།
ཨྱོན་གུ་རུ་རིན་པོ་ཆེའི་ གསོལ་འདེབས་ལེའུ་བདུན་མའི་ལས་ཡང་ བྲག་ཕུག་མ་ར་ཏི་ཀའི་སྐྱེའུ་ཚང་དུ།། འཆི་མེད་ཚེའི་རིག་འཛིན་བསྒྲུབ་པའི་ཚེས།། མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས།། སྐྱེ་འཆི་མེད་པ་རྡོ་རྗེ་ལུས་སུ་གྲུབ།། འཆི་མེད་པདྨ་བྱུང་གནས་ལ་གསོལ་བར་འདེབས།། ཟེར་གསུངས་མི་དང་འཁྲིལ་བ་ཅིན་ ཨྱོན་གུ་རུ་རིན་པོ་ཆེ་གིས་ ཚེ་དབང་རིག་འཛིན་གྱི་གྲུབ་པ་ཐོབ་པའི་སྐབས་ སྐྱེ་འཆི་མེད་པ་རྡོ་རྗེ་ལུས་ལུ་གྱུར་ཡོད་པའི་བྱིན་རླབས་དེ་ དགོངས་རྫོགས་མཆོད་རྟེན་ནང་ ཚེ་སྒྲུབ་གནང་སར་ལྷོད་མི་ ག་ར་གིས་ ཞུ་ནིའི་གོ་སྐབས་ཐོབ་ཡོདཔ་ལས་ མི་ཚུ་སེམས་དགའ་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *