བྱ་ལོ་ནང་ མི་དབང་མངའ་ཞབས་མཆོག་ལས་ མི་༡༡,༡༡༨ ཀྱིས་ སའི་སྐྱིད་སྡུག་ཐོབ་ཡོདཔ།

༉ མི་ཕྱུགཔོ་དང་ སྤྱང་ཀའི་བར་ན་ འདྲ་མཉམ་མེད་པར་ ཁྱད་པར་སྦོམ་ཆགས་དོ་ཡོད་པའི་ ཐུགས་ཚ་གྱང་བཞེས་མི་ལུ་བརྟེན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་ཕེབས་གནང་ཞིནམ་ལས་ཚུར་ ས་ཆ་མེད་པའི་ མི་སེར་ཚུ་ལུ་ སའི་སྐྱིད་སྡུག་གནང་ནི་དེ་ རྒྱལ་པོའི་ཕྱག་འགན་གཙོ་བོ་ཅིག་སྦེ་ བཞེས་གནང་སྟེ་ཡོདཔ་ཨིན།
དེ་ཡང་ སྤྱི་ལོ་༢༠༡༠ ལས་ཚུར་ མི་དབང་མངའ་ཞབས་མཆོག་གིས་ ལྷུན་རྩེ་དང་ བུམ་ཐང་ མོང་སྒར་ དབང་འདུས་ཕོ་བྲང་ ཧཱ་ དར་དཀར་ནང་ སྤུ་ན་ཁ་ ཀྲོང་གསར་ བཀྲིས་སྒང་ བཀྲིས་གཡང་རྩེ་ གཞལམ་སྒང་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ ཐིམ་ཕུག་ ཆུ་ཁ་ མགར་ས་ བསམ་རྩེ་འབདཝ་ད་ རྫོང་ཁག་༡༧ གྱི་ རྒེད་འོག་༡༧༡ ནང་ ཁེ་ཕན་བྱུང་མི་ མི་སེར་༡༢༣,༢༦༥ ལུ་ ས་ཆ་ཨེ་ཀར་བསྡོམས་༡༣༣,༢༨༧.༧༦༥ གནང་ནུག།
དེ་མ་ཚད་ རྫོང་ཁག་༡༧ ནང་ ཁེ་ཕན་བྱུང་མི་ཚུ་ལུ་ ས་ཐེབས་ཀྱི་འཐུས་ དངུལ་ཀྲམ་ས་ཡ་༢,༢༡༢.༦༤༤ ལྷགཔ་ཅིག་ སྤྲོད་མ་དགོ་པའི་ དགོངས་ཡངས་གནང་ཡོདཔ་ད་ འཐུས་སྤྲོད་དགོ་མི་དེ་ཡང་ རྒྱལ་ཁམས་ཀྱི་ ས་ཆ་བཟའ་སྤྱོད་འབད་མི་ལུ་བརྟེན་ཨིན་རུང་ སྐྱིད་སྡུག་གནང་མི་དང་འཁྲིལ་ ད་ལས་ཕར་ ཁེ་ཕན་ཐོབ་མི་ཚུ་གི་ རང་དབང་ས་ཆ་ཨིན་པས།
རང་ལུགས་གནམ་ལོ་བྱ་ལོ་ནང་ བསམ་རྩེ་དང་ མགར་ས་རྫོང་ཁག་གཉིས་ལས་ མི་གྲངས་༡༠,༧༨༥ གིས་ སའི་སྐྱིད་སྡུག་ཐོབ་ཡོདཔ་མ་ཚད་ བཀྲིས་སྒང་རྫོང་ཁག་ མེ་རག་དང་ སག་སྟེང་ལུ་ ཁྱིམ་སའི་སྐྱིད་སྡུག་ མི་གྲངས་༣༣༣ ལུ་གནང་ནུག།
དེ་ཡང་ མི་དབང་མཆོག་གིས་ ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༢༣ ལུ་ ཆིབས་སྐྱོད་གནངམ་ད་ མགར་ས་རྫོང་ཁག་གི་ རྒེད་འོག་༤ ནང་ ཁྲམ་འཆང་མི་༡,༡༥༧ ལུ་ ས་ཆ་ཨེ་ཀར་བསྡོམས་༤༣༣.༥༨ སྐྱིད་སྡུག་གནང་ཡོདཔ་མ་ཚད་ ས་ཐེབས་ཀྱི་རིན་ དངུལ་ཀྲམ་ས་ཡ་༣.༣༦༨ སྤྲོད་ཚར་མི་ཚུ་ཡང་ དགོངས་ཡངས་སྦེ་ ལོག་གནང་ནུག།
དུས་ཅི་ སྤྱི་ཟླ་༡ པའི་ཚེས་༢༡ ལུ་ མི་དབང་མཆོག་གིས་ མེ་རག་དང་ སག་སྟེང་གི་ མི་སེར་༣༣༣ ལུ་ ས་ཆ་ཨེ་ཀར་༦༣.༠༢ གནང་ཡོད་མི་དེ་ཡང་ ཁྱིམ་རྐྱབ་ནི་གི་དོན་ལུ་ ཁྱིམ་སའི་ སྐྱིད་སྡུག་གནང་ཡོདཔ་ད་ སྐྱིད་སྡུག་ཐོབ་མི་༣༣༣ ལས་༡༨ དེ་ ས་ཆ་མེད་མི་ཨིན་མས།
སྤྱི་ལོ་༢༠༡༥ ལུ་ མི་དབང་རྒྱལ་བཙུན་རྣམ་༢ མེ་རག་དང་ སག་སྟེང་ལུ་ གཟིགས་སྐོར་གནངམ་ད་ གཡུས་ཚན་གཉིས་ཆ་རའི་ནང་ ཉིན་གྲངས་༣ རེ་ བཞུགས་གནང་པའི་སྐབས་ མི་དབང་མཆོག་གིས་ མི་སེར་གྱི་དོན་ལུ་ གནམ་མེད་ས་མེད་ ཁག་ཆེ་ཤོས་ཅིག་སྦེ་ བརྩི་འཇོག་འབད་མི་ ཁྱིམ་ས་དང་ རྩྭ་འབྲོག་དང་འབྲེལ་བའི་ གནད་དོན་ཚུ་ དུས་ཚོད་འོས་ལྡན་ཅིག་ནང་ སེལ་གནང་འོང་ཟེར་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
དེ་དང་འཁྲིལ་ རྫོང་ཁག་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ ཞབས་ཏོག་ལྷན་ཁག་གིས་ ས་ཚན་ཚུ་ ངོས་འཛིན་འབད་དེ་ གོང་འཕེལ་འཆར་གཞི་ཚུ་གི་ ལཱ་འབད་ཡོདཔ་ད་ ས་ཚན་ཚུ་ ཁེ་ཕན་སྤྱོད་མི་ཚུ་ལུ་ ཁྱིམ་རྐྱབ་ནིའི་དོན་ལས་ ཁྱིམ་ས་སྦེ་ སྐྱིད་སྡུག་གནང་ནུག།
ད་རུང་ སྤྱི་ཟླ་༡ པའི་ཚེས་༢༩ ལུ་ མི་དབང་མངའ་ཞབས་མཆོག་གིས་ བསམ་རྩེ་རྫོང་ཁག་ནང་ ཁེ་ཕན་བྱུང་མི་༩,༦༢༨ ལུ་ སའི་སྐྱིད་སྡུག་གནང་ཡོདཔ་བཞིན་དུ་ རྒེད་འོག་༡༥ གི་ མི་སེར་ཚུ་གིས་ ས་ཆ་ཨེ་ཀར་བསྡོམས་༡,༢༦༡.༠༢༧ སྐྱིད་སྡུག་ཐོབ་ནུག།
རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ་ འགོ་བཙུགས་པའི་ཤུལ་ལུ་ རྒྱལ་ཁབ་ནང་འཁོད་ལུ་ ས་ཆ་ལེགས་བསྒྱུར་གནང་མི་དང་བསྟུན་ སའི་སྐྱིད་སྡུག་གནང་མིའི་གྲས་ལས་ བསམ་རྩེ་དེ་ རྫོང་ཁག་༡༧ པ་ཨིན་པས།
མི་དབང་མཆོག་གིས་ སྤྱི་ལོ་༢༠༠༧ ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ ས་ཆ་ཁྱབ་ཆེཝ་སྦེ་ འཇལ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་བཞིན་དུ་ ས་ཆའི་གནས་ཐོ་ཚུ་ ཁྱབ་དབང་དང་ བློ་གཏད་ཚུགསཔ་སྦེ་ བཞག་ཐབས་ལུ་ དེང་སང་གི་ འཕྲུལ་ཆས་ལག་ལེན་ཐོག་ ས་འཇལ་མི་དེ་གིས་ ས་ཆའི་ཁྱད་པར་ཐོན་མི་དང་ རྩོད་རྙོགས་བྱུང་སྟེ་ ཡུན་རིང་སོང་མི་ཚུ་ དྭངས་གསལ་བཟོ་ནི་ལུ་ ལྷན་ཐབས་བྱུང་ཡོདཔ་ཨིན་པས།
ས་ཆ་དང་འབྲེལ་བའི་ དཀའ་ངལ་དེ་ཚུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སའི་སྐྱིད་སྡུག་གནང་ཐོག་ལས་ སྐུ་ཉིད་ཀྱིས་ སེལ་གནང་ཡོདཔ་ད་ ས་མང་ཤོས་ར་ སྐྱིད་སྡུག་སྦེ་ གནང་མི་ཚུ་ བཟའ་ཚང་ཚུ་གིས་ རང་སོའི་ས་ཁྲམ་ནང་ གསལ་བཀོད་འབད་ཡོད་མི་ ས་ཆ་ལས་ལྷག་སྟེ་ བཟའ་སྤྱོད་འབད་དེ་ ས་འཇལ་ལས་རིམ་གསརཔ་སྐབས་ ས་ཐེབས་ཐོན་མི་ཚུ་ཨིན་པས།
ས་ཆའི་སྐྱིད་སྡུག་གནང་མིའི་ དམིགས་དོན་གཙོ་བོ་ར་ ཧེ་མ་ལས་ ས་ཆའི་རྩོད་རྙོགས་ཐོན་མི་ཆ་མཉམ་ར་ སེལ་ཐབས་འབད་ནི་དང་ འཚོ་བ་ས་ཞིང་ལུ་ འཕྲོ་མཐུད་དེ་ར་ བརྟེན་སྡོད་མི་ མི་སེར་ཚུ་ལུ་ བཟའ་སྤྱོད་འབད་ནི་གི་ ས་ཆ་ལངམ་སྦེ་ཡོདཔ་ ངེས་བརྟན་བཟོ་ཐབས་ལུ་ཨིན་པས།
ས་ཆ་དང་འབྲེལ་བའི་ གནད་དོན་ཚུ་ སེལ་ཐབས་འབད་ནི་དེ་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ ལག་ལེན་འཐབ་བཞིན་དུ་ཡོད་པའི་ ལས་འགུལ་ཅིག་ཨིནམ་ད་ སའི་སྐྱིད་སྡུག་ཡང་ གོ་རིམ་སྒྲིག་སྟེ་ གནང་མི་དེ་ཡང་ གནད་དོན་གང་རུང་ལུ་བརྟེན་ གོ་རིམ་དང་པའི་ནང་ རང་སོའི་ཁྲམ་ནང་ཡོད་པའི་ ས་ཆ་ཚུ་ བདེན་དཔྱད་འབད་མ་ཚུགས་མི་ཚུ་ལུ་ ཤུལ་ལས་ སའི་སྐྱིད་སྡུག་འཐོབ་ནི་གི་ འོས་འབབ་ངེས་བརྟན་ཡོདཔ་ བཟོ་ཐབས་ལུ་ཨིན་པས།
འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་ཨིནམ་ལས་ ས་ཆའི་ཁྱབ་ཚད་ཡོངས་བསྡོམས་ལས་ ཨེ་ཀར་༦༦༤,༠༠༠ འབདཝ་ད་ བརྒྱ་ཆ་༧ ལས་བརྒལ་ བཟའ་སྤྱོད་འབད་བཏུབ་མེད་མི་ལུ་བརྟེན་ མི་དབང་མཆོག་གིས་ཡང་ ས་ཆ་ཉུང་སུ་ཅིག་ལས་མེད་མི་དེ་ དོན་སྨིན་ཅན་སྦེ་ སྤྱོད་ཐོག་ལས་ མི་སེར་ལུ་ ཕན་ཐོགས་ཚུགསཔ་བཟོ་ནི་གི་ ཐུགས་བཞེད་གནང་སྟེ་ སའི་སྐྱིད་སྡུག་གནང་དང་གནང་བཞིན་དུ་ཡོདཔ་ཨིན།
ད་རུང་ མི་དབང་མངའ་ཞབས་མཆོག་གིས་ སའི་སྐྱིད་སྡུག་རྐྱངམ་གཅིག་མེན་པར་ མི་ཁུངས་ངོ་སྤྲོད་ལག་ཁྱེར་མེད་མི་ མི་སེར་ཚུ་ལུ་ མི་ཁུངས་གནང་བཞིན་དུ་ཡོདཔ་ད་ རང་ལུགས་གནམ་ལོ་ བྱ་ལོ་ཟླ་༥ པའི་ཚེས་༦ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ མི་དབང་མཆོག་གིས་ ངོ་རྐྱང་༡༣༧ ལུ་ འབྲུག་པའི་མི་ཁུངས་གནང་ཡི།
མི་ཁུངས་ཐོབ་མི་ཚུ་གིས་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ རྩ་ཚ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཞུ་ནིའི་དོན་ལུ་ ཁས་བླངས་དམ་བཅའ་ཡང་ཕུལ་ནུག།
ད་ཚུན་གྱི་བར་ན་ མི་དབང་མཆོག་གིས་ ངོ་རྐྱང་༩,༠༠༠ ལྷགཔ་ཅིག་ འབྲུག་པའི་མི་ཁུངས་གནང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *