བྱ་འཁོར་གཡུས་ཚན་ནང་ གུང་པ་༣༥ ཡོད་རུང་ མི་སྡོད་མི་མེདཔ།

༉ རྒྱལ་ཁབ་ནང་ གུང་སྟོང་དང་འབྲེལ་བའི་ གནད་དོན་དེ་ གདོང་ལེན་ཅན་ཅིག་ལུ་ གྱུར་ཡོདཔ་བཞིན་དུ་ རྩི་རང་རྫོང་ཁག་གི་ བྱ་འཁོར་གཡུས་ཚན་ནང་ མི་སྡོད་མི་མེད་པའི་ དཀའ་ངལ་ཡོདཔ་ཨིན་པས།
དེ་ཡང་ བྱ་འཁོར་གཡུས་ཚན་དེ་ སྤ་ཚར་གླིང་རྒེད་འོག་གི་ གཡུས་ཚན་ཚུ་ནང་ལས་ མཐའ་འཁོབ་ཅིག་ཨིནམ་ལས་ དེ་ནང་ ཁྲམ་འཆང་མི་ ཁྱིམ་གུང་པ་༣༥ དང་ མི་གྲངས་༡༠༠ གི་ མི་རྩིས་ཐོ་བཀོད་འབད་དེ་ཡོད་རུང་ ད་ལྟོ་ ཁྱིམ་སྲུང་སྟེ་སྡོད་མི་ ཕུད་རྡོག་གཅིག་ཡང་མིན་འདུག།
གཡུས་ཚན་དེ་ནང་ འཁོར་ལམ་དང་ གློག་མེའི་མཐུན་རྐྱེན་མེདཔ་ཨིན་རུང་ ས་གནས་གཞུང་གི་ འགོ་ཁྲིདཔ་དང་ ཁྲམ་འཆང་མི་ཚུ་གིས་འབད་བ་ཅིན་ ས་ཆ་བཅུད་དང་ལྡནམ་སྦེ་ཡོད་ནི་དེ་གིས་ ཚོད་བསྲེ་དང་ ཤིང་འབྲས་ཚུ་ ལེགས་ཤོམ་སྦེ་ འཚོ་བཏུབ་ཟེར་ཨིན་པས།
ས་གནས་གྱི་ མི་ཚུ་ སྤྱི་ལོ་༡༩༩༣ ལས་ ཁྲོམ་ཁར་གནས་སྤོ་སོང་པའི་ཤུལ་ལུ་ གུང་སྟོང་ཐོན་ཡོདཔ་ཨིན་པས།
ཟླཝ་༢ ཀྱི་ཧེ་མར་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ ཁྲམ་ཡོད་མི་ མི་ཚུ་དང་ཕྱད་དེ་ གྲོས་བསྟུན་འབད་བའི་སྐབས་ གཞིས་གསར་ལས་རིམ་ འགོ་བཙུགས་པ་ཅིན་ དྲག་འོང་ཟེར་ སླབ་ཡོདཔ་ཨིན་པས།
གུང་ཨང་ཡོད་མིའི་གྲས་ལས་༡ སྐྱེས་ལོ་༤༢ ལང་མི་ བི་དུ་ཀུ་མར་རའི་ཨིནམ་ད་ ཁོ་ལུ་ གཡུས་ཚན་དེ་ནང་ ས་ཆ་ཨེ་ཀར་༢ ཡོད་རུང་ ད་ལྟོ་ ཁོ་གསར་སྤང་སེངྒེ་རྒེད་འོག་ནང་ མི་གཞན་གྱི་ ས་ཞིང་བཟའ་སྤྱོད་འབད་དེ་ སྡོད་དོ་ཡོདཔ་ཨིན་པས།
ཁོ་གི་སྤུན་ཆ་༩ ལུ་ཡང་ བྱ་འཁོར་གཡུས་ཚན་ནང་ སྐམ་ཞིང་དང་ ཆུ་ཞིང་བསྡོམས་ ཨེ་ཀར་༡༢ དང་ ཨ་ལཱན་ཅི་ཨེ་ཀར་༡༠ དེ་ཅིག་ཡོདཔ་ཨིན་རུང་ བཟའ་ཚང་ནང་མི་ག་ར་ ས་གནས་ཐདམ་ཐད་ཁ་ལས་ཕར་ མི་གཞན་ཚུ་གི་ ས་ཞིང་བཟའ་སྤྱོད་འབད་དོ་ཡོདཔ་སྦེ་ སླབ་ཨིན་པས།
བི་དུ་ཀུ་མར་རའི་གིས་ སླབ་མིའི་ནང་ ཁོང་སྤུན་ཆ་ཚུ་གིས་ ཨ་ལཱན་ཅི་དང་ འབྱ་ དེ་ལས་ གེ་ཟ་ཚུ་ འཛུགས་སྐྱོང་འབད་ནི་གི་ དཔའ་བཅམ་ཡོད་རུང་ དོག་མ་ར་ མ་བཏགསཔ་ལས་ རི་དྭགས་སེམས་ཅན་དོམ་དང་ གླངམོ་ཆེ་ དེ་ལས་ རི་ཕག་ཚུ་གིས་ ཟ་ཚར་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ཁོང་སྤུན་ཆ་ཚུ་ ལོ་བསྟར་བཞིན་དུ་ གཡུས་ཚན་དེ་ནང་ ཁོང་རའི་ ས་ཞིང་ཚུ་ སེལ་བར་འགྱོ་ནི་ཡོད་རུང་ གཡུས་ཁར་སྡོད་ནི་མེད་ཟེར་ སླབ་ཨིན་པས།
སའི་ཇོ་བདག་གཞན་ ཇའི་ན་ར་ཡཱན་ཨུབ་རི་ཏི་གིས་འབད་བ་ཅིན་ ཧེ་མ་ཕམ་ཚུ་གི་སྐབས་ལུ་ ས་ཆ་ཨེ་ཀར་བསྡོམས་༢༧ ཡོད་དེ་འབད་རུང་ སྤྱི་ལོ་༢༠༡༢ ལུ་ ས་འཇལ་བའི་སྐབས་ ཨེ་ཀར་༥ རྐྱངམ་གཅིག་ འཇལ་བྱིན་དེས་ཟེར་ཨིན་པས།
མ་གཞི་ ཁོང་གི་ བཟའ་ཚང་ནང་ བུ་༧ དང་ བུམོ་༥ ཡོད་མི་ཚུ་གིས་ ས་གནས་ནང་ སོ་ནམ་གྱི་ ལཱ་འབད་ནི་གི་ དཔའ་བཅམ་ཡོད་རུང་ མཐར་འཁྱོལ་ཅན་ཅིག་ འགྱོ་མ་ཚུགསཔ་ལས་ ད་ལྟོ་ རྩི་རང་གི་ རྒེད་འོག་གཞན་ཅིག་ནང་ ལཱ་འབད་དེ་ སྡོད་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བྱ་འཁོར་གཡུས་ཚན་ནང་ གཞིས་གསར་གྱི་ ལས་རིམ་འགོ་བཙུགས་ནི་དང་ ཡང་ཅིན་ གློག་མེ་དང་ འཁོར་ལམ་བཏོན་པ་ཅིན་རྐྱངམ་གཅིག་ ཁྱིམ་ཡོད་མི་ཚུ་གིས་ ས་གནས་ནང་སྡོད་དེ་ ལཱ་འབད་ཚུགས་ནི་མས་ཟེར་ཨིན་པས།
གལ་སྲིད་ གཞིས་གསར་གྱི་ ལས་རིམ་ཚུ་ འགོ་བཙུགས་མ་ཚུགས་པ་ཅིན་ བྱ་འཁོར་གཡུས་ཚན་དེ་ མི་སྡོད་མི་མེད་པར་ ཚལ་མ་ལུ་ འགྱུར་ནི་གི་ འོས་འབབ་སྦོམ་ཡོད་ཟེར་ཨིན་པས།
ཨིན་རུང་ སྤ་ཚར་གླིང་རྒཔོ་ ཆ་བི་ཀུ་མར་རའི་གིས་ སླབ་མིའི་ནང་ རྒེད་འོག་གི་ཁ་ཐུག་ལས་ རྫོང་ཁག་བདག་སྐྱོང་ལུ་ གཞིས་གསར་གྱི་ ལས་རིམ་འགོ་བཙུགས་དགོ་པའི་ གྲོས་འཆར་བཙུགས་ཏེ་ཡོད་ཟེར་ཨིན་པས།
མི་སེར་ཚུ་ ཁོང་རའི་གཡུས་ཁར་ སྡོད་ནི་གི་ སེམས་ཡོད་རུང་ རི་དྭགས་སེམས་ཅན་དང་ ཉེན་སྲུང་གི་ དཀའ་ངལ་ལུ་བརྟེན་ རྒྱབ་བཤུད་རྐྱབ་མས་ཟེར་ སྤ་ཚར་གླིང་རྒཔོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *