བྱ་ནད་སྔོན་འགོག་འབད་མ་ཚུགས་པའི་ ཚ་གྱང་མེདཔ།

༉ འདས་པའི་བདུན་ཕྲག་ནང་ བསམ་གྲུབ་ལྗོངས་མཁར་ ཟངས་མདོག་དཔལ་རི་ལྟ་ཁང་གི་ ས་ཁོངས་ནང་ ཚེ་ཐར་བཏང་མི་ བྱ་ཚུ་ལུ་ ཤི་རྐྱེན་བྱུང་མི་དེ་ བྱ་ནད་ཨེཆ་ཕ་ཡེབ་ཨེན་ཝཱན་ཐོབ་ཡོད་པའི་ ངོས་འཛིན་ངེས་བརྟན་བྱུང་ནུག།
ཉེན་ཁ་ཆེ་བའི་ བྱ་ནད་དེ་ ས་གནས་གཞན་ཁར་ ཁྱབ་སྤེལ་འགྱོ་མི་བཅུག་ནིའི་དོན་ལུ་ ས་གོ་ནང་ཡོད་མི བྱ་པོད་གཞན་ཚུ་ཡང་ བསད་དགོཔ་བྱུང་ནུག།
དེ་བཟུམ་མའི་ གནད་དོན་དེ་ ས་གནས་ཅར་ཀི་ལོ་ལུ་ཡང་ ཐོན་ཡོདཔ་ལས་ སྒོ་ནོར་སྡེ་ཚན་དང་ བདེ་བ་ཐང་གི་ སྒོ་ནོར་ནད་རིགས་བརྟག་དཔྱད་ཁང་གིས་ དེ་འཕྲོ་ལས་ ནད་གཞི་དེ་གི་སྐོར་ལས་ ཞིབ་དཔྱད་འབད་བར་ སོང་ནུག།
བསམ་གྲུབ་ལྗོངས་མཁར་གྱི་ སྒོ་ནོར་སྡེ་ཚན་དང་ སྒོ་ནོར་བརྟག་དཔྱད་ཁང་གིས་ གནས་ཚད་ཅན་གྱི་ ནད་བརྟག་ལམ་ལུགས་དང་འཁྲིལ་ ཞིབ་དཔྱད་འབད་བའི་སྐབས་ ནད་གཞི་དེ་ ངོས་འཛིན་འབད་ཡོད་རུང་ དུས་ཡུན་ཆུ་ཚོད་༣༦ གི་རིང་ རྒྱ་གར་ཨ་སམ་ལུ་ འགྲུལ་བཀག་ལུ་བརྟེན་ རྒྱལ་ཡོངས་སེམས་ཅན་འཕྲོད་བསྟེན་ལྟེ་བའི་ནང་ དཔེ་ཚད་སྐྱེལ་མ་ཚུགས་པའི་ གདོང་ལེན་བྱུང་ནུག།
ཞིབ་དཔྱད་དེ་ཡང་ སྒོ་ནོར་ནད་རིགས་བརྟག་དཔྱད་ཁང་གི་ ཌོག་ཊར་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ སྒོ་ནོར་འགོ་དཔོན་ཚུ་གིས་ འགོ་ཁྲིད་འབད་ཐོག་ལས་ སྒོ་ནོར་འགོ་དཔོན་ཚུ་གིས་ འབད་ནུག།
བྱ་ནད་ཀྱི་སྐོར་ལས་ ཐིམ་ཕུག་གསར་སྦིས་ཐང་ རྒྱལ་ཡོངས་སེམས་ཅན་འཕྲོད་བསྟེན་ལྟེ་བ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱ་ནད་དེ་ སྤྱི་ཟླ་༣ པའི་ཚེས་༧ ལུ་ བསམ་ལྗོངས་ཟངས་མདོག་དཔལ་རི་ ལྷ་ཁང་གི་ས་ཁོངས་ནང་ ཚེ་ཐར་བཏང་མི་ བྱ་པོད་ཚུ་ལས་ ཁྱབ་སྤེལ་སོང་ནུག་ཟེར་ཨིན་པས།
ཚེ་ཐར་བཏང་མི་བྱ་ཚུ་ ཟངས་མདོག་དཔལ་རི་ ལྷ་ཁང་གི་ ས་ཁོངས་འཛིན་སྐྱོང་གིས་ ཤེས་རྟོགས་མེད་པར་ ཁྲིམས་འགལ་ཐོག་ལས་ འབག་འོང་ནུག་ཟེར་ཨིནམ་ད་ ཧེ་མ་ ནད་གཞི་ཨེཆ་ཕ་ཡེབ་ཨེན་ཝཱན་ ཁྱབ་སྤེལ་སོང་མི་དེ་ཡང་ གཅིག་ལས་བལྟ་བ་ཅིན་ ཚེ་ཐར་བཏང་མི་ བྱ་པོད་ཚུ་ལས་ ཐོབ་ཡོད་པའི་དོགས་ཟོན་འདུག།
བྱ་ནད་དེ་ མང་ཤོས་ར་ བྱ་པོད་ཚུ་ལས་ སྤེལ་དོ་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ བྱ་༣༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ནད་གཞི་དེ་ ས་གནས་གཞན་ཁར་ ཁྱབ་སྤེལ་འགྱོ་མི་བཅུག་ནིའི་དོན་ལུ་ ནད་གཞི་ཐོབ་མི་བྱ་༢༤ དེ་ཅིག་ བསད་དགོཔ་བྱུང་ནུག།
ད་ལྟོ་བཟུམ་འབད་བ་ཅིན་ བྱ་ནད་དེ་ ཟངས་མདོག་དཔལ་རིའི་ ས་ཁོངས་ནང་ ལེགས་ཤོམ་སྦེ་ར་ བཀག་ཐབས་འབད་ཚུགས་ནི་དེ་གིས་ བསམ་གྲུབ་ལྗོངས་མཁར་གྱི་ ས་ཁོངས་དང་ གཡུས་ཚུན་གཞན་ཚུ་ནང་ ཁྱབ་སྤེལ་སོང་ཡོད་པའི་ སྙན་ཞུ་མེད་ཟེར་ གསར་སྦིས་ཐང་ རྒྱལ་ཡོངས་སེམས་ཅན་འཕྲོད་བསྟེན་ལྟེ་བ་ལས་ ཌོག་ཊར་ཀུན་བཟང་འབྲུག་པ་གིས་ སླབ་ཨིན་མས།
བྱ་ནད་དེ་གིས་ ད་ལྟོ་ཚུན་ ས་གནས་ཀྱི་མི་ཚུ་ལུ་ ཉེན་ཁ་བྱུང་ཡོད་པའི་ སྙན་ཞུ་མིན་འདུག།
རྒྱལ་ཡོངས་བྱུང་རྐྱེན་ལག་ལེན་བཀོད་ཁྱབ་ཚོགས་ཆུང་གི་ བསླབ་སྟོན་དང་འཁྲིལ་ བསམ་གྲུབ་ལྗོངས་མཁར་གྱི་ བྱུང་རྐྱེན་ལག་ལེན་ལྟེ་བ་གིས་ བྱ་ནད་བཀག་ཐབས་ཀྱི་ ཐབས་ལམ་ཚུ་བཏོན་པའི་བསྒང་ཡོདཔ་མ་ཚད་ ས་གནས་ཀྱི་ གསོ་བའི་སྡེ་ཚན་ཚུ་གིས་ཡང་ དུས་རྒྱུན་དུ་ ལྷན་ཐབས་ལྟ་རྟོག་འབད་དོ་ཡོདཔ་ལས་ ང་བཅས་ར་ སྔོན་འགོག་འབད་མ་ཚུགས་པའི་ ཚ་གྱང་ལང་དགོཔ་ མི་འབྱུང་ནི་མས་ཟེར་ ཞུ་ནི་ཨིན།

About admin

Check Also

འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་༢༠༢༡ རེས་གཟའ་མིག་དམར་ལུ་ ཆ་འཇོག་འབད་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་༢༠༢༡ ཅན་མའི་ ལྷག་ཐེངས་༣ པ་ མཇུག་བསྡུ་ཡོདཔ་ལས་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ ཆ་འཇོག་འབད་ནི་ཨིན་པས།དཔྱད་ཡིག་དེ་ ཁ་ཙ་ཚུན་ ཉིནམ་༢ ཀྱི་རིང་ …

Leave a Reply

Your email address will not be published. Required fields are marked *