བྱ་ངན་སྔོན་འགོག་འབད་ནིའི་མཐུན་རྐྱེན།

༉ རྒྱལ་ས་ལྟེ་བ་ ཐིམ་ཕུག་དེ་ དུས་ཡུན་ཐུང་ཀུ་ཅིག་གི་ ནང་འཁོད་ལུ་ར་ བསམ་བརྗོད་ལས་འདས་པའི་ གོང་འཕེལ་སོང་ཡོད་མི་དེ་ཡང་ ཁྲོམ་སྡེའི་མི་འབོར་དང་ སྒྲིང་ཁྱིམ་ སྣུམ་འཁོར་གྱི་ གྱངས་ཁ་ཚུ་ལས་ གསལ་སྟོན་འབདཝ་མས།
གོང་འཕེལ་གྱི་ འགྱུར་བ་དང་བསྟུན་ གནོད་འགེལ་གྱི་ ལཱ་བྱ་འཐབ་མི་ཚུ་ཡང་ ལོ་བསྟར་བཞིན་དུ་ ཡར་འཕར་འགྱོ་དོ་ཡོདཔ་ལས་ ཁྲིམས་ལྟ་རྟོག་འབད་མི་ ཁྲིམས་སྲུང་འགག་སྡེ་ལུ་ གདོང་ལེན་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཏེ་འདུག།
དེ་ཡང་ ན་ཧིང་ སྤྱི་ཟླ་༦ པ་ལས་༡༡ པའི་བར་ན་ རྒྱལ་ཁབ་ནང་འཁོད་ལུ་ བྱ་ངན་འཐབ་མི་ བརྒྱ་ཆ་༧༦ དེ་ཅིག་ ཡར་སེང་སོང་ཡོད་པའི་སྐོར་ སྤྱི་ཟླ་༢ པའི་ཚེས་༧ ལུ་ ཐིམ་ཕུག་ལུ་སྦེ་ གཞུང་སྐྱོང་མཆོག་འགྱུར་གྱི་ ལོ་བསྟར་བར་མཚམས་བསྐྱར་ཞིབ་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ ནང་སྲིད་དང་ སྲོལ་འཛིན་དྲུང་ཆེན་གྱིས་ གཞུང་ལུ་ སྙན་ཞུ་ཕུལ་ཡོདཔ་བཞིན་དུ་ གནོད་འགེལ་མང་ཤོས་ར་ རྒྱལ་ས་ལྟེ་བ་ལུ་ བྱུངམ་མས་ཟེར་ཨིན་མས།
རྒྱལ་ཁབ་ནང་འཁོད་ལུ་ གནོད་འགེལ་གྱི་ བྱ་ངན་འཐབ་མི་ལས་ བརྒྱ་ཆ་༥༩ ཐིམ་ཕུག་ལུ་ བྱུང་དོ་ཡོདཔ་བཞིན་དུ་ ད་ལས་ཕར་ དེ་བ་མངམ་འཐོན་ནི་གི་ ཚོད་དཔག་འབདཝ་མས།
གནོད་འགེལ་མང་ཤོས་ར་ སྣུམ་འཁོར་དང་འབྲེལ་བའི་ གནད་དོན་ཚུ་ནང་ བྱུང་དོ་ཡོད་མི་དེ་ཡང་ ཐིམ་ཕུག་ཁྲོམ་སྡེའི་ ས་ཁོངས་མང་ཤོས་ཅིག་ནང་ སྣུམ་འཁོར་བཞག་ས་མེདཔ་ལས་ སྣུམ་འཁོར་ཚུ་ ལམ་བདའ་སྟེ་ བཞག་པའི་སྐབས་ ནུབ་མོར་སྣུམ་འཁོར་བཅག་དཀྲུམ་བཏང་པའི་ དཀའ་ངལ་བྱུངམ་ཨིན་མས།
མ་གཞི་ ཐིམ་ཕུག་ཁྲོམ་སྡེའི་དོན་ལུ་ སི་སི་ཊི་བི་པར་ཆས་༡༡༨ དེ་ཅིག་ གཞི་བཙུགས་འབད་དེ་ཡོད་རུང་ པར་ཆས་དེ་ཚུ་གིས་ ཁྱབ་མ་ཚུགས་མི་ལུ་བརྟེན་ བྱ་ངན་འབད་སའི་ ས་ཁོངས་ཚུ་ནང་ ལྟ་རྟོག་འབད་ནི་ལུ་ ལཱ་ཁག་ཡོདཔ་ལས་ པར་ཆས་ཐེབས་བཙུགས་དགོཔ་ཡོད་པའི་སྐོར་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ གྲོས་འདེབས་ཕུལ་མི་དེ་ཡང་ སི་སི་ཊི་བི་མངམ་ གཞི་བཙུགས་འབད་ཚུགས་པ་ཅིན་ གནོད་འགེལ་གྱི་ ལཱ་བྱ་འཐབ་མི་ མར་ཕབ་འབད་ཚུགས་པའི་ གོ་སྐབས་ཡོད་པའི་ཁར་ ལ་ལོ་ཅིག་གིས་ པར་ཆས་ཡོདཔ་ཤེས་ཏེ་ བྱ་ངན་འབད་ནི་ལས་ འཛེམ་མི་འདུག་ཟེར་ཨིན་མས།
ད་རུང་ ཁྲོམ་སྡེ་ཚུ་ནང་ བྱ་ངན་སྔོན་འགོག་འབད་ནིའི་དོན་ལུ་ ཐིམ་ཕུག་ཁྲོམ་ཁར་ ལྟ་རྟོག་གློག་ཤུགས་སྣུམ་འཁོར་༣ དང་ སྤ་རོ་དང་ ཕུན་ཚོགས་གླིང་ དེ་ལས་ དགེ་ལེགས་ཕུག་ཁྲོམ་ཚུ་ནང་ སྣུམ་འཁོར་རེ་ གནང་དགོ་པའི་ གྲོས་འདེབས་ཕུལཝ་བཞིན་དུ་ བློན་ཆེན་གྱིས་ཡང་ གློག་ཤུགས་སྣུམ་འཁོར་༦ དང་ སི་སི་ཊི་བི་པར་ཆས་ཚུ་ མཁོ་སྒྲུབ་འབད་ནི་ལུ་ རྒྱབ་སྐྱོར་གནང་ཡོདཔ་ལས་ བྱ་ངན་མར་ཕབ་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།
བྱ་ངན་ལྟ་རྟོག་འབད་མི་ཚུ་ལུ་ འདི་བཟུམ་མའི་ མཐུན་རྐྱེན་གྱི་ དགོས་མཁོ་ཡོད་པ་ཅིན་ རྒྱལ་ཁམས་ཀྱི་ ཁ་ཐུག་ལས་འབད་རུང་ ཟད་འགྲོ་ལྕི་དྲགས་གནས་རུང་ ཟད་འགྲོ་གཏང་དགོཔ་དེ་གལ་ཆེ།
ཁྲོམ་སྡེ་ག་ཏེ་ར་འབད་རུང་ བྱ་ངན་འཐབ་མི་ ཉུང་སུ་ཡོད་པ་ཅིན་ ང་བཅས་རའི་མི་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ སྡོད་ཚུགས་ནི་དང་ རྒྱུ་དངོས་ཚུ་ བརླག་སྟོར་ཤོར་བའི་ ཚ་གྱང་ལང་དགོཔ་མི་འཐོན།
ད་རེས་ནངས་པར་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་དང་ གྲོང་གཡུས་ལས་ ཁྲོམ་སྡེ་ཚུ་ནང་ གནས་སྤོ་འོང་མི་ལུ་བརྟེན་ ཐིམ་ཕུག་བཟུམ་མའི་ ཁྲོམ་སྡེ་དེ་ མི་རྣམ་པ་སྣ་ཚོགས་ སྤུངས་འཛོམས་སའི་ ས་གོ་ཅིག་ལུ་ གྱུར་ཡོད་ནི་དེ་གིས་ ཨར་རྐུན་དང་ འཐབ་འཛིང་ གྱི་གསོབ་ལ་སོགས་པའི་ ཉེས་ལས་འཐབ་པའི་སྙན་ཞུ་ འཕྲལ་འཕྲལ་ར་ ཐོན་ནི་དེ་གིས་ ཁྲོམ་སྡེའི་མི་ཚུ་ལུ་ ཉེན་སྲུང་གི་ ཚ་གྱང་ལང་དགོཔ་བྱུང་ནུག།
འདས་པའི་ལོ་ནང་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་གཞིས་དང་ ལྷ་ཁང་དགོན་སྡེ་ཚུ་ནང་ལས་ ཨར་རྐུན་ཤོར་ནི་ལས་ བཀག་ཐབས་ལུ་ སི་སི་ཊི་བི་བཙུགས་ནི་གི་ འཆར་གཞི་བརྩམས་ཡོད་རུང་ མ་དངུལ་གྱི་ དཀའ་ངལ་ལུ་བརྟེན་ ལས་འགུལ་དེ་ མཐར་འཁྱོལ་བྱུང་མ་ཚུགས་པས།
གལ་སྲིད་ པར་ཆས་དང་ ལྟ་རྟོག་སྣུམ་འཁོར་ཚུ་ བྱ་ངན་སྔོན་འགོག་འབད་ནི་ལུ་ ཕན་ནུས་ཡོད་པ་ཅིན་ མཐུན་རྐྱེན་དེ་ཚུ་ མཁོ་སྒྲུབ་འབད་ཐོག་ལས་ གཞི་བཙུགས་འབད་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *