བྱ་ངན་ཡང་བསྐྱར་འབད་མི་ ན་གཞོན་༣ ལུ་ ཨར་རྐུན་གྱི་ ཉེས་འཛུགས་འབད་ཡོདཔ།

༉ བདུན་ཕྲག་འདི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༢༡ ལས་༢༦ གི་བར་ན་འབད་མི་ ན་གཞོན་ཕོ་སྐྱེས་༣ རྩོད་བཤེར་གྱི་དོན་ལུ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཨར་རྐུན་གྱི་ ཉེས་འཛུགས་འབདཝ་དང་འབྲེལ་ ཁོང་གསུམ་ཆ་ར་ ཧེ་མ་ཡང་ ཨར་རྐུན་དང་ བྱ་ངན་སྣ་ཚོགས་འབད་བའི་ རྗེས་ཐོ་ཡོདཔ་ལས་ གློད་གྲོལ་མ་གཏང་པར་ དོ་དོམ་འོག་ལུ་ར་ བཞག་དགོ་པའི་ ཞུ་བ་ཕུར་ནུག། 

དོགས་ཅན་གསུམ་གྱིས་ ཨར་རྐུན་དེ་ཡང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༢ ལུ་ ལྕང་ཟམ་ཏོག་ལུ་ སྒྲིང་ཁྱིམ་ཅིག་ནང་ལས་  གཟི་དང་གསེར་དངུལ་ལ་སོགས་པའི་ ཅ་ཆས་ཚུ་ ཨར་རྐུན་འབད་ཡོདཔ་ད་ ཅ་ཆས་ཚུ་ ལོག་ཐོབ་མ་ཚུགས་པར་ཡོདཔ་ཨིན་པས།

ཐིམ་ཁྲོམ་ལས་ སྐྱེས་ལོ་༢༦ ལང་མི་ ཤེས་རབ་བསྟན་འཛིན་གྱིས་ སྤྱི་ལོ་༢༠༡༢ ལས་ སྤྱི་ལོ་༢༠༡༨ ཀྱི་བར་ན་ ཨར་རྐུན་ནང་ གྲལ་གཏོགས་འབད་བ་གིས་མ་དོ་བར་ ཁྲིམས་མཐུན་དོ་དམ་ནང་ལས་ བྲོས་ཟུར་ཐེངས་གཉིས་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༢ ཕོག་ཡོད་པའི་ཁར་ ཨར་རྐུན་ལ་སོགས་པའི་ བྱ་ངན་ཁག་༢༨ འབད་བའི་ གནས་ཐོ་བཀོད་དེ་འདུག།

ཐིམ་ཕུག་པཱམ་མཚོ་ལས་ སྐྱེས་ལོ་༢༥ ལང་མི་ པདྨ་ཚེ་རིང་དེ་ སྤྱི་ལོ་༢༠༡༧ ལུ་ སྨྱོ་རྫས་ནག་ཚོང་ནང་ གྲལ་གཏོགས་ འབད་བའི་ བཙོན་ཁྲིམས་ལོ་༢ ཕོག་ཡོདཔ་མ་ཚད་ ཨར་རྐུན་འབད་མི་ལུ་བརྟེན་ ད་རུང་ ལོ་༢ ཀྱི ་བཙོན་ཁྲིམས་ཕོག་ ཡོདཔ་ད་ བཀྲིས་སྒང་ལས་ སྐྱེས་ལོ་༢༡ ལང་མི་ བསོད་ནམས་འོད་ཟེར་ལུ་ སྤྱི་ལོ་༢༠༡༨ ལུ་ འཐབ་འཛིང་དང་འབྲེལ་ བའི་བྱ་ངན་ལུ་བརྟེན་ ཟླཝ་༡ གི་ བཙོན་ཁྲིམས་ཕོག་པའི་ རྗེས་ཐོ་ཡོདཔ་ཨིན་པས།

རྗེས་ཐོ་ཡོད་མི་ལུ་བརྟེན་ པདྨ་ཚེ་རིང་དང་ ཤེས་རབ་བསྟན་འཛིན་གཉིས་ལུ་ ཉེས་པའི་དབྱེ་རིམ་ཆེ་ཆུང་ ག་དེ་སྦེ་ཡོད་རུང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༡༥ པ་ལྟར་ ཧེ་མ་བཀལ་མི་ དབྱེ་རིམ་ལས་ དབྱེ་རིམ་༡ སེང་སྟེ་ བཙོན་ཁྲིམས་བཀལ་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱམ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ ཞུ་བ་ཕུལ་ནུག།

བྱ་ངན་དེ་ཡང་ ཉི་མའི་ཆུ་ཚོད་ཕྱེད་དང་༢ དེ་ཅིག་ཁར་ པདྨ་ཚེ་རིང་གིས་ སྒྲིང་ཁྱིམ་དེ་ནང་གི་ ཁང་མིག་ཚུ་ནང་ མི་ཡོད་མེད་ བལྟཝ་ད་ མི་མེད་པར་ སྒོ་གུ་ལྡེ་མིག་རྐྱབ་ཡོདཔ་ མཐོང་པའི་ཤུལ་ལས་ ཆ་རོགས་དོགས་ཅན་ བསོད་ནམས་ འོད་ཟེར་དང་ ཤེས་རབ་བསྟན་འཛིན་གཉིས་འབོ་སྟེ་ ནང་ན་འཛུལ་ཏེ་ གཟི་རིན་ཐང་མེད་མི་༡ དང་ རིན་ཐང་ཡོད་མི་ མིག་ཏོ་༢ འབད་མི་༡ གཞན་ཡང་ གདོབ་ཅུ་དང་ བྱི་རུ་མུ་ཏིག་ བང་ཅུང་ལ་སོགས་པ་ཚུ་ འབག་ཡོདཔ་ཨིན་པས།

དེ་ཚེ་ཕྱི་རུ་ ཁྱིམ་གྱི་ཇོ་བདག་དེ་ ལཱ་ས་ལས་ ཁྱིམ་ནང་ལྷོདཔ་ད་ ཨར་རྐུན་འབད་ཡོདཔ་མཐོང་སྟེ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་དེ་ ཉེ་འདབས་ལུ་ཡོད་མི་ སྒེར་ཁྱིམ་ཚུ་ནང་གི་པར་ཆས་ སི་སི་ཀེམ་ར་ཚུ་ བལྟ་བའི་སྐབས་ དོགས་ཅན་ཚུ་གི་ གྱོན་ཆས་ཚུ་བལྟ་སྟེ་ གླ་འཁོར་ནང་འཛུལ་འགྱོ་སར་མཐོང་ཡོདཔ་ད་ གླ་འཁོར་དེ་ འཚོལ་བའི་ཤུལ་ལས་ དོགས་ཅན་ཤེས་རབ་བསྟན་འཛིན་དེ་ ངོས་འཛིན་འབད་ཚུགས་མི་ལུ་བརྟེན་ གཞན་གཉིས་ཡང་ འཛིན་བཟུང་འབད་ཚུགས་ནུག།

ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ རྒྱུ་དངོས་མ་ཚང་མི་ཚུ་ ཝང་ཆུ་ནང་ བཀོག་བཏང་ཡོདཔ་སྦེ་སླབ་སྟེ་ རིན་ཐང་ཅན་དང་ རིན་ཐང་མེད་མི་གཟི་གཉིས་དང་ གཞན་ཅ་ལ་མང་ཤོས་ར་ ཐོབ་མ་ཚུགས་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་གིས་ རྒྱུ་དངོས་ཚུ་གི་རིན་གོང་ ད་ལྟོ་བཏོན་མ་ཚུགསཔ་ལས་ སྙན་གསན་རིམ་པ་དང་འཁྲིལ་ ཕུལ་ནི་ཟེར་ཞུ་ནུག།

དོགས་ཅན་ཚུ་གིས་ བྱ་ངན་དེ་ལུ་ ཁ་བཟེད་མ་བཏུབ་པར་ཡོདཔ་ཨིན་རུང་ པར་ཆས་སི་སི་ཀེམ་ར་དང་ ཁྲོམ་ལམ་བདའ་འགྱོ་མི་དང་ སྒྲུབ་བྱེད་གཞན་ཚུ་ལས་ ཤེས་ཚུགས་པས་ཟེར་ བཤེར་ཡིག་ནང་བཀོད་ནུག།

དོགས་ཅན་པདྨ་ཚེ་རིང་གི་ ཁྱིམ་ནང་ལས་ ཨར་རྐུན་འབད་མི་ ཅ་ལ་ལ་ལོ་ ལོག་ཐོབ་ཡོད་རུང་ ཤེས་རབ་བསྟན་འཛིན་དང་ བསོད་ནམས་འོད་ཟེར་གཉིས་ཀྱིས་ བྱ་ངན་ནང་ གྲལ་གཏོགས་མེད་ཟེར་ ཁ་བཟེད་མ་བཏུབ་པར་ཡོདཔ་ཨིན་པས།

ཞིབ་དཔྱད་འབད་བའི་སྐབས་ ཁོང་གསུམ་ཆ་ར་གིས་ བྱ་ངན་དེ་ འབད་ནིའི་དོན་ལུ་ འཆར་གཞི་བརྩམས་ཡོད་པའི་ཁར་ ཉེས་ལས་འཐབ་ཐངས་ཡང་ གཅིག་མཚུངས་འདུག་ཟེར་བཀོད་ནུག།།

ཁོང་གསུམ་ཆ་རའི་ བྱ་ངན་དེ་ གཅིག་ཨིནམ་ལས་ ཉེས་ཁྲིམས་ཡང་ ཅོག་འཐདཔ་བཀལ་དགོ་པའི་ ཞུ་བ་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *