༉ ལྷུན་རྩེ་ སྨན་སྦིས་རྒེད་འོག་གི་ སྟག་མོ་ཆུ་གཡུས་ཚན་ནང་ སྒྲིང་ཁྱིམ་ཚུ་ཡོད་པའི་གྲས་ལས་ ཐོག་ཚད་༣ འབད་མི་ རང་ལུགས་ཀྱི་ སྒྲིང་ཁྱིམ་བཟོ་སྐྲུན་འབད་མི་དེ་ བྱ་གསོ་སྐྱོང་དང་ ཚོང་ལཱ་ཕྱམ་ཕྱིམ་འབད་བའི་ གྲུབ་འབྲས་ཅིག་ཨིན་པས།
དེ་ཡང་ སྟག་མོ་ཆུ་ཁྲོམ་ནང་ སྐྱེས་ལོ་༤༠ ལང་མི་ བྱང་ཆུབ་ཆོས་སྒྲོན་དང་ རྨགཔ་དབང་ཕྱུག་༢ ཀྱིས་ སྤྱི་ལོ་༢༠༠༢ ལས་ སྣ་ཚོགས་ཚོང་ཁང་ འགོ་བཙུགས་མི་ལུ་བརྟེན་ ས་ཉོ་སྟེ་ སྤྱི་ལོ་༢༠༡༦ ལུ་ སྒྲིང་ཁྱིམ་རྐྱབ་ཡོདཔ་ཨིན་པས།
ཁྱིམ་གྱི་ཇོ་བདག་ བྱང་ཆུབ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་ར་ གཉེན་རྐྱབ་པའི་ཤུལ་ལས་ སྟག་མོ་ཆུ་ལུ་ བཟའ་འཐུང་གི་རིགས་དང་ གོ་ལ་ཚུ་བཙོང་སྟེ་ སྡོད་ཅི་ཟེར་ཨིནམ་ད་ རྨགཔ་གིས་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ལས་ ཚོང་བཏོན་པར་འགྱོཝ་ད་ མོ་ར་ ཚོང་ཁང་ནང་ ཚོང་བཙོང་སྡོདཔ་ཨིན་ཟེར་ཨིན་པས།
ཁེ་སང་དུམ་གྲ་རེ་ ཐོབ་མི་ཚུ་ གསོག་འཇོག་འབད་བཞག་སྟེ་ ལོ་དག་པ་ཅིག་གི་ཤུལ་ལས་ ཁྲོམ་གྱི་སྦོ་ལོགས་ཁར་ཡོད་པའི་ ས་ཉོ་ཡི་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ ཁོང་བཟའ་ཚང་༢ ཀྱིས་ ལཱ་དང་ལས་རིམ་ ག་ཅི་ར་འགོ་འདྲེན་འཐབ་རུང་ སྤྱི་མཐུན་ཐོག་ལས་ ལཱ་འབད་མི་ལུ་བརྟེན་ བྱ་གསོ་སྐྱོང་ཁང་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ས་དེ་ནང་ གཞུང་ལས་ བྱ་ཚུ་གནང་མི་དེ་ བདག་འཛིན་དང་ འཛིན་སྐྱོང་ལེགས་ཤོམ་འབད་དེ་ སྒོང་རྡོག་ཚུ་ ལྷུན་རྩེ་ཁྲོམ་དང་ ཨའུ་མཚོ་ཁྲོམ་ དེ་ལས་ མི་སེར་དང་ སློབ་གྲྭ་ལུ་ བཙོང་ཡོདཔ་བཞིན་དུ་ འོང་འབབ་ཡང་ འབོར་ཆེ་ཏོག་ཏོ་སྦེ་བཟོ་ཚུགས་ཅི་ཟེར་ཨིན་པས།
བྱ་དང་ ཚོང་བཙོང་མི་ལས་ཐོབ་མི་ འོང་འབབ་ཚུ་ བསྡོམས་ཞིནམ་ལས་ སྒྲིང་ཁྱིམ་རྐྱབ་ཡོདཔ་ད་ ད་རེས་ནངས་པར་ འོག་ཐོག་དང་ བར་ཐོག་༢ གླ་ཁར་སྤྲོད་ཡོདཔ་ཨིན་རུང་ ཐོག་༣ པའི་ནང་ ཟ་ཁང་བཙུགས་ནུག།
རྒེད་འོག་གི་ ས་གནས་ཐདམ་ཐད་ཁ་ལས་ཕར་ བྱ་དང་ ནོར་གསོ་སྐྱོང་ཁང་གཞི་བཙུགས་འབད་མི་དང་ ཚོང་ཁང་ཚུ་ཡང་ གཞི་བཙུགས་འབད་ཡོདཔ་ལས་ ཧེ་མ་བཟུམ་སྦེ་ ཚོང་ལམ་འགྱོ་མི་བཏུབ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༣༧ ལང་མི་ དབང་ཕྱུག་གིས་ སླབ་མིའི་ནང་ འགོ་དང་པ་ ཚོང་བཙུགས་པའི་སྐབས་ ཁོ་གི་ཧེ་མ་ ཚོང་ཁང་༡ ལས་བརྒལ་མེདཔ་ལས་ གནས་སྦིས་དང་ གཞུང་མཁར་ དེ་ལས་ སྟག་མོ་ཆུ་མི་སེར་ཚུ་ བཟའ་འཐུང་གི་རིགས་དང་ གོ་ལའི་རིགས་ཚུ་ ཉོ་འབག་ནི་ཡོདཔ་ལས་ ཟླ་རིམ་བཞིན་དུ་ འོང་འབབ་དངུལ་ཀྲམ་༢༣༠,༠༠༠ རེ་ བཟོ་ཚུགས་ནི་ཡོད་ཟེར་ཨིན་པས།
མི་སྡེ་གོང་འཕེལ་འགྱོ་མི་ལུ་བརྟེན་ ས་གནས་དེ་ཁར་ ཚོང་ཁང་ཡར་སེང་འགྱོཝ་མ་ཚད་ སློབ་གྲྭ་ལྟེ་བའི་ས་ཁོངས་ དེ་ལས་ གཡུས་སྒོ་ཚུ་ནང་ སྣ་ཚོགས་ཚོང་ཁང་ གཞི་བཙུགས་འབད་མི་ལུ་བརྟེན་ ཚོང་ཉོ་མི་མེད་ནི་དེ་གིས་ འོང་འབབ་ལུ་ཐོ་ཕོག་སྟེ་ཡོད་ཟེར་ བྱང་ཆུབ་ཆོས་སྒྲོན་གྱིས་ སླབ་ཨིན་པས།
བྱང་ཆུབ་ཆོས་སྒྲོན་ལུ་ སྤུན་ཆ་༡༠ ཡོད་མི་ལས་ བུམོ་༨ ཡོདཔ་ད་ ད་རེས་ནངས་པར་ མོ་ར་ལུ་ ཆ་རོགས་སྦེ་ སྐྱེས་ལོ་༥༡ ལང་མི་ ཡེ་ཤེས་མཚོ་མོ་དེ་ ཟ་ཁང་ནང་ ཕྱིའི་མགྱོནམ་ཚུ་ལུ་ བཞེས་སྒོ་བཟོ་སྦེ་ བྱིན་དོ་ཡོདཔ་ཨིན་པས།
ཡེ་ཤེས་མཚོ་མོ་གིས་ སླབ་མིའི་ནང་ ལོ་༡༠ གྱི་ཧེ་མར་ རྨགཔ་གྱོང་པའི་ཤུལ་ལུ་ སློབ་གྲྭ་ནང་ དཔེ་ཆ་ལྟ་མི་ ཨ་ལོ་༣ ལུ་ ཟད་འགྲོ་གཏང་ནིའི་ནང་ དཀའ་ངལ་ཐོན་ཡོདཔ་ལས་ ནུམོ་གིས་ ཆ་རོགས་འབད་ནི་སྦེ་ སླབ་མི་དང་འཁྲིལ་ ནུམོ་གི་ཁྱིམ་ནང་ ལཱ་རུབ་འབད་སྡོད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲོམ་དེ་ནང་ ཚོང་བཙུགས་མི་ སྐྱེས་ལོ་༢༩ ལང་མི་ ཀརྨ་གཡང་སྒྲོན་གྱིས་ སླབ་མིའི་ནང་ ཨ་ལོ་སློབ་གྲྭ་ནང་ བཏང་ནིའི་དོན་ལུ་ ཚོང་ཁང་གཞི་བཙུགས་འབད་ཡི་ཟེར་ཨིནམ་ད་ ཚོང་ཉོ་མི་གངམ་མེདཔ་ལས་ ཉིནམ་རེའི་ནང་ འོང་འབབ་དངུལ་ཀྲམ་མཐོ་ཤོས་༥༠༠ དང་ ཉུང་ཤོས་དངུལ་ཀྲམ་༡༠༠ ལས་བརྒལ་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
བྱང་ཆུབ་ཆོས་སྒྲོན་དང་ དབང་ཕྱུག་༢ ལུ་ ཨ་ལོ་༣ ཡོདཔ་ད་ བུམོ་སྦོམ་༢ དེ་ བཟོ་རིག་གི་སྦྱོང་བརྡར་དང་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ དཔེ་ཆ་ལྟ་དོ་ཡོདཔ་ད་ བུམོ་ཆུང་ཤོས་དེ་ སློབ་རིམ་༩ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
ཁོང་༢ ཀྱིས་ སླབ་མིའི་ནང་ ལཱ་ག་ཅི་ར་འབད་རུང་ ཐ་དམ་ཚིག་དང་ ལས་རྒྱུ་འབྲས་༢ གཙོ་བོ་བཏོན་ཏེ་ ལཱ་འབད་བ་ཅིན་ གྲུབ་འབྲས་མ་འཐོན་པའི་ དཔེ་མེདཔ་མ་ཚད་ ན་གཞོན་ཚུ་གིས་འབད་རུང་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ བརྩོན་འགྲུས་བསྐྱེད་དེ་ ལཱ་འབད་བ་ཅིན་ གྲུབ་འབྲས་བཏོན་ཚུགས་ཟེར་ ཨིན་པའི་གནས་ཚུལ།
སྟག་མོ་ཆུ་ལས་ བཀྲིས་ཕུན་ཚོགས།